ས་ཞིང་གཞུང་བཞེས་དང་འབྲེལ་ནས་ཞུ་གཏུཊ་ངོ་རྒོལ་བྱས་འདུག


2014.04.28
ས་ཞིང་གཞུང་བཞེས་ཐད་ཞུ་གཏུགས་གྲོས་བསྡུར་བྱེད་བཞིན་པའི་མང་ཚོགས་ཁག་གཅིག། ༢༠༡༤།༤ ས་ཞིང་གཞུང་བཞེས་ཐད་ཞུ་གཏུགས་གྲོས་བསྡུར་བྱེད་བཞིན་པའི་མང་ཚོགས་ཁག་གཅིག། ༢༠༡༤།༤
པར། བོད་འབྱོར།

ལྷ་སའི་སྟག་རྩེ་རྫོང་ཁོངས་བསམ་གྲུབ་གླིང་མང་ཚོགས་བརྒྱ་ཕྲག་བརྒལ་བས་ས་ཞིང་གཞུང་བཞེས་ཀྱི་གུན་གསབ་ཐད་རྫོང་སྲིད་གཞུང་ལ་ངོ་རྒོལ་བྱས་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་བདུན་ཕྲག་གཅིག་གི་གོང་བོད་ཀྱི་གྲོང་ཁྱེར་ལྷ་སའི་སྟག་རྩེ་རྫོང་ཁོངས་བསམ་གྲུབ་གླིང་གི་མང་ཚོགས་བརྒྱ་ཕྲག་བརྒལ་བས། ས་གནས་རྒྱ་ནག་གིས་ས་ཞིང་གཞུང་བཞེས་རྗེས་གུན་གསབ་སྤྲོད་ཕྱོགས་ཐད་འདོད་བློ་མ་ཁེངས་བར་རྫོང་སྲིད་གཞུང་གི་འབྲེལ་ཡོད་ཚན་པར་ཞུ་གཏུགས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་རྫོང་ནས་ཡ་ལན་མ་སྤྲད་པར་བརྟེན་ལྷ་ས་གྲོང་ཁྱེར་སྲིད་གཞུང་ལ་ཞུ་གཏུགས་བྱེད་པར་བསྐྱོད་སྐབས་ཚལ་གུང་ཐང་ནས་རྒྱ་ནག་གི་ཉེན་རྟོག་པ་ཚོས་ལམ་བཀག་ནས་ལྷ་སར་བསྐྱོད་དུ་བཅུག་མེད་པ་རེད་འདུག དེ་ནི་གཙོ་བོ་མང་ཚོགས་ཀྱི་ཤེས་རྟོགས་ལྟར་ན། ལྷ་སའི་ཁྲེན་ཀོན་ཆུས་ཁོངས་ཚལ་གུང་ཐང་ཡུལ་ཚོའི་མང་ཚོགས་ལ་གུན་གསབ་ས་ཞིང་མུའུ་རེར་རྒྱ་སྒོར་༡༦༠༠༠༠ སྤྲད་ཡོད་ཀྱང་། སྟག་རྩེ་རྫོང་ཁོངས་ཀྱི་བསམ་གྲུབ་གླིང་གི་ཞིང་པར་གུན་གསབ་མུའུ་རེར་རྒྱ་སྒོར་༣༢༠༠༠ ལས་སྤྲོད་ཀྱི་མེད་པར་བརྟེན་མང་ཚོགས་ཀྱི་འདོད་བློ་མ་ཁེངས་བར་ངོ་རྒོལ་བྱས་བ་ཡིན་ཚུལ་བཤད་བཞིན་པ་རེད།
ས་གནས་མང་ཚོགས་ཀྱི་ས་ཞིང་གཞུང་བཞེས་བཏང་བ་ནི་ལྷ་ས་ནས་ཀོང་པོ་བར་གཞུང་ལམ་བཟོ་བཞིན་པའི་ལམ་ཐིག་དང་འཁེལ་བའི་ལྷ་སའི་ཁྲེན་ཀོན་ཆུས། སྟག་རྩེ་རྫོང་། མལ་གྲོ་རྫོང་། ཀོང་པོ་བཅས་ཀྱི་ས་གནས་མི་ཉུང་བ་ཚུད་ཡོད་པ་རེད།
ཡང་གནས་ཚུལ་ཡོང་ཁུངས་གཞན་ལྟར་ན། ས་ཞིང་གཞུང་བཞེས་བྱས་བའི་དཀའ་ངལ་དེ་སྟག་རྩེ་རྫོང་གི་བདེ་ཆེན་གྲོང་ཚོ་དང་། བསམ་གྲུབ་གླིང་གྲོང་ཚོ་སོགས་ཡིན་པ་དང་། ཞིང་པར་ས་ཞིང་མེད་ན་འཚོ་བ་བསྐྱེལ་ཐབས་དཀའ་བས་ངོ་རྒོལ་བྱེད་བཞིན་པ་བརྗོད་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་གི་གནས་ཚུལ་འདི་འབྱོར་བའི་ཐོག་གནས་ཚུལ་ཞིབ་ཕྲ་གང་ཡིན་མུ་མཐུད་ནས་རྩད་གཅོད་བྱེད་བཞིན་པ་ཡིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎