ཨུ་རུ་སུའི་སྲིད་འཛིན་དང་རྒྱ་ནག་སྲིད་འཛིན་གཉིས་ཁ་པར་བརྒྱུད་བཀའ་མོལ་གནང་ནས་འབྲེལ་བ་བརྟན་པོ་ཡོད་སྐོར་གསལ་སྟོན་བྱས་འདུག
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) ་མཆོག་གིས་ཡུཀ་རེན་གྱི་ནང་ཞི་བདེ་ཡོང་བའི་སྐུལ་འདེད་ཆེད། ཨ་རིའི་ཕྱི་སྲིད་ཀྱི་ཁ་ཕྱོགས་གཙོ་གནད་ཨུ་རུ་སུ་ཁོ་ནའི་སྟེང་བསྒྱུར་འགོ་བཙུགས་པ་ནས། འདི་ཚེས་ ༢༤ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་ཀྱིས་ཁ་པར་གྱི་ལམ་ནས་ཐོག་མའི་བཀའ་མོལ་དེ་གནང་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དང་ཨུ་རུ་སུ་ཕན་ཚུན་ཁ་བྲལ་དུ་གཏོང་མི་ཐུབ་ཞེས་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོ་ཡིན་སྐོར་གསལ་སྟོན་བྱས་འདུག
རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱིས་ཁ་པར་ལམ་ནས་བཀའ་མོལ་གནང་བ་དེ་ནི། ཡུཀ་རེན་ནང་ཨུ་རུ་སུས་དྲག་པོའི་བཙན་འཛུལ་བྱས་ཏེ་ལོ་གསུམ་ཧྲིལ་བོ་འཁོར་བཞིན་པའི་དུས་དྲན་སྲུང་བརྩིའི་སྐབས་དང་འཁེལ་ཡོད་པས། ཨུ་རུ་སུ་དང་ཨ་མི་རི་ཀའི་འབྲེལ་ལམ་ཇེ་བཟང་དུ་ཕྱིན་པ་དེས། རྒྱ་ནག་གཞུང་དང་སོ་སོའི་ཕྱི་འབྲེལ་གྱི་མཐུན་གྲོགས་གཙོ་བོ་ཨུ་རུ་སུའི་བར་གྱི་འབྲེལ་ལམ་ཐད་གཡོ་འགུལ་གཏོང་མི་ཐུབ་པའི་བརྡ་ལན་གསལ་བོ་བཏང་བ་ཞིག་ཡིན་པ་རེད། ལོ་རྒྱུས་དང་དངོས་ཡོད་ཀྱི་ཐོག་ནས་གསལ་བོར་ཤེས་ཐུབ་པ་ནི། རྒྱ་ནག་དང་ཨུ་རུ་སུའི་ཁྱིམ་མཚེས་བཟང་པོའི་འབྲེལ་ལམ་དེ་ཁ་འཐོར་གཏོང་མི་ཐུབ་ལ། སྐྱིད་སྡུག་གང་ལ་ཐུག་ཀྱང་བློས་ཐུབ་ཀྱི་གྲོགས་པོ་ཡིན། ཞེས་སྤྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་རྒྱ་ནག་བར་ཕྱི་འབྲེལ་བཙུགས་ནས་ལོ་༧༠འཁོར་བའི་གལ་ཆེའི་དུས་དྲན་སྲུང་བརྩིའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་བཤད་པ་དེ། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁུངས་ནས་བསྐྱར་དུ་ལུང་འདྲེན་བྱས་འདུག
ད་དུང་ཞི་ཅིན་ཕིན་གྱིས་རྒྱ་ནག་དང་ཨུ་རུ་སུའི་བར་གྱི་ཐབས་ཇུས་ཡར་རྒྱས་དང་ཕྱི་སྲིད་ཀྱི་འབྲེལ་བ་ནི་ཕུགས་རྒྱང་རིང་པོ་ལ་དམིགས་ཡོད་པའི་མུར། ཁོ་གཉིས་བར་གྱི་འབྲེལ་བ་ལ་རྒྱལ་ཁབ་གསུམ་པ་སུས་ཀྱང་དོ་ཕོག་གཏོང་མི་ཐུབ་ཅེས་ནན་བརྗོད་བྱས་འདུག
ཨུ་རུ་སུའི་ངོས་ནས་སྲིད་འཛིན་གཉིས་ཀྱིས་ཁ་པར་གྱི་ལམ་ནས་བཀའ་མོལ་གནང་བ་དེ། སེམས་རྩ་ཁོལ་པོ་དང་འཆམ་མཐུན་བྱུང་ཡོད་ཅེས་བཤད་ཡོད་ནའང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བརྟན་པོ་འབྱུང་མིན་གྱི་སྐོར་རྒྱ་ནག་གི་ངོས་འཛིན་དང་གཅིག་མཚུངས་ཡིན་མིན་ཞིབ་ཚགས་པོས་བཤད་མི་འདུག
ཨུ་རུ་སུའི་གཞུང་གིས་འགོ་ཁྲིད་རྣམ་གཉིས་ནས་དམིགས་བསལ་འཛམ་གླིང་སྤྱི་ལ་བདེ་འཇགས་བརྟན་བརླིང་ཡོང་བའི་རྒྱུ་རྐྱེན་གལ་འགངས་ཆེ་ཤོས་དེ། རྒྱ་ནག་དང་ཨུ་རུ་སུའི་ཕྱི་སྲིད་འབྲེལ་བ་ཡིན་སྐོར་གཙིགས་འཛིན་དང་སྦྲགས། ཁོ་གཉིས་ཀྱི་ཕྱི་འབྲེལ་ནི་ཐབས་ཇུས་རང་བཞིན་ཞིག་མ་གཏོགས་ཕྱིའི་ཤུགས་རྐྱེན་སྐོར་མིན་པ་མ་ཟད། འབྲེལ་ལམ་དེས་སུ་ལའང་ཐད་ཀར་ཁ་གཏད་གཅོག་གི་མེད་ཅེས་ཀྱང་གསལ་སྟོན་གནང་ཡོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།