ཆོས་ལུགས་འཆམ་མཐུན་དང་གུས་བརྩི་དེང་སྐབས་མེད་དུ་མི་རུང་།


2017.01.06
༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་འཆམ་མཐུན་ཆེད་རྒྱ་གར་ནང་ཡོད་པའི་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་རྡོ་རྗེ་གདན་དུ་ལྷན་འཛོམས་གནང་སྐབས། ༢༠༡༧།༡།༦ ༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་འཆམ་མཐུན་ཆེད་རྒྱ་གར་ནང་ཡོད་པའི་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་རྡོ་རྗེ་གདན་དུ་ལྷན་འཛོམས་གནང་སྐབས། ༢༠༡༧།༡།༦
འཇིགས་མེད་སྙན་གྲགས། /RFA

ཕྱི་ཟླ་༡་ཚེས་༦་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ནང་ཡོད་པའི་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་ལྷན་འཛོམས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཆེད་ཀྱི་ཐུགས་སྨོན་འཚམས་སྦྱོར་ཞིག་གནང་ཡོད་པ་རེད།
སྐབས་དེར་སིཁ་དང་། ཧིན་རྡུ། ཇཱེན། ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ཚང་མས་ཕན་ཚུན་གྱི་ཆོས་ལུགས་ལ་གུས་བརྩི་དང་། ཆོས་བྱེད་པ་ནང་ཕན་ཚུན་ཐུགས་མཐུན་དགོས་རྒྱུ་ནི་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་གི་ཐོག་ནས་དྲག་ཟིང་དང་། མི་གསོད་ཁྲག་སྦྱོར་གྱི་བྱེད་ལས་སྣ་ཚོགས་པ་ཞིག་སྤེལ་བཞིན་པ་འདིའི་སྐབས་མེད་དུ་མི་རུང་བ་ཞིག་ཡིན་པ་གསུངས་པ་དང་།  ཁོང་རྣམ་པ་ཚང་མས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ནང་བྱམས་བརྩེ་སྤེལ་ཐབས་གནང་མཁན་གྱི་ཞི་བདེའི་དེད་དཔོན་ཞིག་ཡིན་པའི་བསྟོད་མངགས་ཆེན་པོ་ཕུལ་ཡོད་པ་རེད།
ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གྱི་མཛད་སྒོ་དེའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གང་ཉིད་སྐུ་གསོན་བཞུགས་ཀྱི་རིང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་གནང་མཛད་རྒྱུར་ཐུགས་འདུན་ཆེན་པོས་འབད་བརྩོན་གནང་རྒྱུ་ཡིན་པ་བཀའ་གནང་པ་དང་། ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་བྱེད་བཞིན་པ་ནི་ཤིན་ཏུ་ནས་མི་འོས་པ་ཞིག་ཡིན་པར་མ་ཟད། ཆོས་ལུགས་བྱེ་བྲག་པའི་མིང་གི་ཐོག་ནས་དཔེར་ན། ཁ་ཆེ་དྲག་སྤྱོད་པ་དང་ནང་པ་དྲག་སྤྱོད་པ་སོགས་ཆོས་ལུགས་སྤྱིའི་མིང་འདོགས་ན་མི་འགྲིག་པ་ཡིན་པ་བཀའ་གནང་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་པ་གང་ཞིག་དྲག་སྤྱོད་ཀྱི་ལམ་དུ་ཞུགས་པ་དེ་ཉིན་ནས་གང་ཟག་དེ་ཆོས་བའི་གྲལ་ནས་བུད་ཟིན་པ་ཞིག་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།
ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་པ་ཚོས་ཆོས་ཆོས་སུ་འགྲོ་བ་ཞིག་དགོས་པ་བཀའ་གནང་པ་དང་། དེ་ནི་ཆོས་ལུགས་དེ་དང་དེའི་བསླབ་བྱ་གཙོ་བོ་བྱམས་བརྩེ་ཉམས་ལེན་བྱེད་པའི་ཐོག་ནས་ཡོང་དགོས་པ་གནང་ཡོད་ལ། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཀྱི་ཐོག་ནས་བརྗོད་ན། ཆོས་ལུགས་ཚང་མས་བྱམས་བརྩེའི་ཉམས་ལེན་གྱི་ཐོག་ནས་མི་བཟང་པོ་ཞིག་བཟོ་ཐབས་གསུངས་པ་གཅིག་པ་ཡིན་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་དེ་དག་ནི་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་པ་ཡོད་པ་དེ་དག་དང་བསྟུན་སྟེ་གསུངས་པ་ཞིག་ཡིན་པ་ལས། མི་མཐུན་པའི་རྐྱེན་དུ་འགྲོ་དགོས་དོན་མེད་པ་བཀའ་གནང་ཡོད་པ་རེད།
སིཁ་དང་། ཧིན་རྡུ། ཇཱེན། ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་རྒྱ་གར་གྱི་བི་ཧར་མངའ་སྡེའི་རྒྱལ་ས་པཱཊ་ནའི་ནང་སིཁ་ཆོས་ལུགས་ཐོག་མར་གསར་བཙུགས་གནང་མཁན་གུ་རུ་ན་ནཱཀ་མཆོག་འཁྲུངས་སྟེ་ལོ་ངོ་གསུམ་བརྒྱ་ལྔ་བཅུ་ཐམ་པ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚུགས་པ་དེ་གྲུབ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་བ་སྩལ་གནང་མཛད་བཞིན་པ་དང་བསྟུན་ཏེ་ཆེད་མངགས་ཕེབས་པ་ཞིག་ཡིན་འདུག
དབུ་ཁྲིད་དེ་དག་གི་ཁོངས་སུ་རྒྱ་གར་བྱང་ཕྱོགས་པཱན་ཇབ་མངའ་སྡེའི་Amritsar་གྲོང་ཁྱེར་ནང་ཡོད་པའི་གསེར་གྱི་ལྷ་ཁང་གི་དབུ་བླ་Giani Gurubachan Singh་མཆོག་དང་། ཁ་ཆེའི་སྐུ་ཚབ་Mulana Asinur Rahman ཧིན་དུའི་བླ་ཆེན་ Swami Chidanand Saraswati ཇེན་ཆོས་ལུགས་ཀྱི་བླ་ཆེན་Acharya Lokesh Muniji བཅས་ཕེབས་འདུག་ལ་ཡེ་ཤུའི་སྐུ་ཚབ་སྐུ་གཟུགས་བདེ་མིན་གྱིས་ཕེབས་བཅར་གནང་མ་ཐུབ་པ་ཡིན་འདུག
ཆོས་ལུགས་མཐུན་སྒྲིལ་ཆེད་ཀྱི་ཐུགས་སྨོན་མཚམས་སྦྱོར་གྱི་མཛད་རིམ་གྲུབ་རྗེས་མུ་འཐུད་སྤྱོད་འཇུག་ཆེན་མོའི་སྒོ་ནས་སྔོན་འགྲོའི་གསུང་ཆོས་སྕལ་གནང་མཛད་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎