བོད་ཀྱི་དམངས་གཞས་གླུ་བ་གྲགས་ཅན་ལུ་གུ་རྒྱལ་ལགས་འདས་གྲོངས་ཕྱིན་ཡོད་འདུག
ཟླ་ ༢་ཚེས་ ༡༠ ཉིན། བོད་ནང་གི་རྨ་ཆུ་རྫོང་མཛོད་དགེ་ཉིན་མ་ནས་ཡིན་པ་བོད་ཀྱི་དམངས་གཞས་གླུ་བ་གྲགས་ཅན་ལུ་གུ་རྒྱལ་ལགས་དགུང་གྲངས་ ༦༢ སྟེང་། ནད་གཞིའི་རྐྱེན་གྱིས་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་ཉེ་སྔོན་མདོ་སྨད་ཕྱོགས་ནས་ལོ་སར་དང་བསྟུན་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་སར་དགོངས་ཚོགས་སུ་མཉམ་ཞུགས་བྱས་ཡོད་ན་ཡང་། ཁོང་གི་ནད་གཞི་གང་ཡིན་དང་ས་གནས་གང་དུ་འདས་གྲོངས་སུ་ཕྱིན་སོགས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གླུ་བ་ལུ་གུ་རྒྱལ་ལམ་བོད་མི་ཚོས་ཁོང་གི་མིང་ལ་གླུ་གར་རྒྱལ་ཞེས་འབོད་སྲོལ་ཡོད་པ་རེད་ལ། བོད་ནང་གི་མདོ་སྨད་ཕྱོགས་སུ་ཁོང་ནི་བོད་ཀྱི་དམངས་གླུ་ལེན་མཁན་གྲགས་ཅན་ཞིག་དང་། བོད་མི་ཚོས་སེམས་སུ་བག་ཆགས་ཆེ་ཤོས་ཅན་གྱི་གླུ་བ་ཞིག་ཡིན་པ་རེད་ལ། ཐེངས་འདིར་ཁོང་འདས་གྲོངས་སུ་ཕྱིན་པར་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མྱ་ངན་དང་། ཁོང་གི་གླུ་གཞས་བརྩམས་ཆོས་ཁག་འགྲེམས་སྤེལ་གྱིས་རྗེས་དྲན་སོགས་ཤུགས་ཆེར་བྱེད་བཞིན་ཡོད་པ་ལས། བོད་མི་ཞིག་ནས་གླུ་གར་རྒྱལ་བཞུད་སོང་། ཁྱེད་ཀྱི་གླུ་སྐད་ཀྱིས་མདོ་དབུས་མཐོ་སྒང་དུ་ཆེས་དྭངས་གཙང་བླ་སྲོག་བསྐོས་ཡོད་དང་། ཡང་བོད་མི་ཞིག་ནས་བོད་ཀྱི་དམངས་གླུའི་སྐར་ཆེན་ཞིག་གློ་བུར་བཞུད་སོང་བ་དེས། ང་ཚོར་དུས་རབས་ཤིག་འཇུག་རྫོགས་སོང་བའི་དྲན་པ་བསླངས་སྐོར་སོགས་བྲིས་འདུག
གླུ་བ་ལུ་གུ་རྒྱལ་ལགས་ནི་ཕྱི་ལོ་ ༡༩༦༣ ལོར་མདོ་སྨད་རྨ་ཆུའི་མཛོད་དགེ་ཉིན་མ་ནས་སྐྱེས་ཤིང་། ལོ་ན་ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོད་སྣང་དང་ལོ་རབས་ ༨༠ པ་ནས་བཟུང་། མཚོ་སྔོན་རླུང་འཕྲིན་ཁང་བརྒྱུད་དམངས་གླུ་མང་པོ་བླངས་པས་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད་ལ། ཁོང་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིག་རྩལ་ལྷན་ཚོགས་ཀྱི་རིམ་པ་དང་པོའི་སྒྱུ་རྩལ་པ། ཀན་སུའུ་ཞིང་ཆེན་རོལ་དབྱངས་ཆེད་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་བོད་ཀྱི་དམངས་གླུ་རྒྱུན་འཛིན་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རོལ་དབྱངས་ཆེད་མཁས་མཐུན་ཚོགས་ཀྱི་འགན་འཛིན། རྨ་ཆུ་དམངས་གླུ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་སུ་བསྐོས་ཡོད་པ་རེད།
གླུ་གུ་རྒྱལ་ལགས་སུ་གླུ་གཞས་སྒྱུ་རྩལ་བརྩམས་ཆོས་བཀྲ་ཤིས་པའི་ཁ་བཏགས་དང་། ཨ་ཞང་ལོ་ལོ། རྩྭ་ཐང་གི་འབྲོག་གླུ། གྲོགས་པོ་ལགས་སོགས་ཡོད་པ་མ་ཟད། ཁོང་གིས་རྒྱ་ནག་རྒྱལ་ཡོངས་དམངས་གླུ་དང་གདང་དབྱངས་གསར་རྩོམ་སོགས་ཀྱི་བྱ་དགའ་མང་དག་ཅིག་བླངས་མྱོང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།