ཧོང་ཀོང་ནང་གི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་བྱུང་པ།

2024.03.29
ཧོང་ཀོང་ནང་གི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་བྱུང་པ། ཧོང་ཀོང་གྲོང་ཁྱེར། ༢༠༡༩
Jae C. Hong/AP

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གསར་འགོད་དང་སྨྲ་བརྗོད་རང་དབང་ཐོག་དམ་དྲག་བྱེད་རྒྱུའི་ཁྲིམས་གཞི་རིམ་བཞིན་གཏན་འབེབས་བྱས་རྗེས། ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ནས་བཟུང་ཧོང་ཀོང་ནང་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། 

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཧོང་ཀོང་ནང་གི་གསར་འགོད་ལས་ཁུངས་ཀྱི་དེབ་སྐྱེལ་ཡོད་པ་རང་འཇགས་འཇོག་རྒྱུ་ལས། ལས་བྱེད་པ་དང་གསར་འགོད་པ་ཚོའི་བདེ་འཇགས་ཆེད།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཧོང་ཀོང་ཡན་ལག་ལས་ཁུངས་སྒོ་བརྒྱབ་པ་ཡིན་པ་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག

འདིའི་ཐད་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མཐོ་རིམ་ཚོགས་མི་གྲོས་ཚོགས་འཐུས་མི་ (Gregory W. Meeks) མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུའི་རང་སྐྱོང་གསར་འགོད་ཀྱི་རྒྱུན་རིང་ལམ་སྣེ་སྟོན་མཁན་གྱི་བརྒྱུད་ལམ་འདི་ཉིད་ཁྲིམས་ཡིག་དོན་ཚན་ ༢༣ འོག་ནས་སྒོ་བརྒྱབ་དགོས་བྱུང་པ་དེར་ཧ་ཅང་བློ་འཚབ་ཆེན་པོ་བྱུང་ཞེས་གསུངས་འདུག

ཧོང་ཀོང་ས་གནས་གཞུང་གིས་བདེ་འཇགས་ཀྱི་ཁྲིམས་ཡིག་དོན་ཚན་ ༢༣ པ་ཟེར་བ་གཏན་འབེབས་བྱས་པ་དེའི་ནང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ལོངས་སུ་སྤྱོད་དེ་རྒྱ་ནག་གཞུང་དང་ས་གནས་ཧོང་ཀོང་གཞུང་བཅས་པར་ངོ་རྒོལ་བྱེད་མཁན་རིགས་ལ་ཚེ་བཙོན་བར་གྱི་ཉེས་ཆད་ཕོག་སྲིད་པ་ཞིག་འཁོད་ཡོད་ཅིང་། འདས་པའི་ལོ་ཤས་ནས་བཟུང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ། སྟག་ལྷ་རྒྱལ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བདེ་སྲུང་བཀའ་བློན་མཆོག་རྒྱ་གར་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་གྲས་ཀུམ་བྷ་ (Maha Kumbh) ཞེས་པའི་དུས་སྟོན་ཐོག་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎