སྐུ་སྲོག་མེར་མཆོད་ཀྱི་ལས་འགུལ་ཞིབ་འཇུག་གནང་དགོས་དོན།
2012.06.26
༄༅༎བོད་ནང་བོད་མི་རྣམས་ཀྱིས་སོ་སོའི་སྐུ་སྲོག་མེར་མཆོད་ཀྱི་ལས་འགུལ་གྱི་གནད་དོན་དེ་ཤིན་ཏུ་ནས་ཐུགས་སྐྱོ་དགོས་པའི་གནས་ཚུལ་ཡིན་དུས་ རྒྱ་ནག་གིས་འབྱུང་རྐྱེན་གང་ཡིན་པ་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་སྐོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ སྦི་སྦི་སི་གསར་འགོད་པར་བཀའ་གནང་བའི་གནས་ཚུལ་ཐོན་འདུག་། ཕྱི་ཟླ་དྲུག་པའི་ཚེས་ ༢༤་ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ སྦི་སྦི་སི་གསར་ལས་ཁང་གི་གསར་འགོད་པ་ཨེན་དྲི་རུ་མའར་གྱིས་བཅའ་འདྲི་ཞུས་པའི་ནང་ བོད་ནང་གི་བོད་མི་རྣམས་ཀྱིས་རེ་འདུན་བཏོན་པ་ལྟར་ཕེབས་ཐུབ་ཀྱི་ཡོད་མེད་སྐོར་༧གོང་ས་མཆོག་གིས་བོད་ནང་གི་བོད་མི་རྒན་པ་རྣམས་ཀྱིས་མ་ཤི་གོང་བོད་ནང་ཕེབས་ཐུབ་ན་བསམ་པའི་རེ་བ་བཏོན་གྱི་ཡོད་ཀྱང་ ཆབ་སྲིད་གནད་དོན་གྱི་གོ་རྟོགས་དང་ བསམ་ཤེས་ཡོད་པའི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་བོད་ཀྱི་ཕྱིར་བཞུགས་ན་ཐུགས་ཕན་གསོས་པའི་བསམ་ཚུལ་བཏོན་གྱི་ཡོད་པའི་སྐོར་བཀའ་གནང་འདུག་། དེ་བཞིན་པའི་བོད་ནང་བོད་མི་རྣམས་ཀྱིས་སོ་སོའི་སྐུ་ལུས་མེར་མཆོད་ཀྱི་ལས་འགུལ་སྐོར་བཀའ་གནང་དོན་ལ་ སྐུ་ལུས་མེར་མཆོད་དེ་ཤིན་ཏུ་ནས་ཐུགས་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང་ གནས་ཚུལ་དེ་ཆབ་སྲིད་དང་འབྲེལ་བའི་རྣོ་ངར་ཅན་གྱི་དོན་རྐྱེན་ཞིག་ཡིན་པ་དང་ ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་དུ་ཕེབས་གྲུབ་དུས་ དགོངས་ཚུལ་གསུང་གི་མེད་པའི་སྐོར་བཀའ་གནང་བཞིན་དུ་ རྒྱ་ནག་གི་ངོས་ནས་བོད་ནང་བོད་མི་རྣམས་ཀྱིས་དེ་འདྲའི་གནས་ཚུལ་ཡོང་དགོས་པའི་འབྱུང་རྐྱེན་གང་ཡིན་པ་དེ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་པའི་སྐོར་ སྦི་སྦི་སི་གསར་འགོད་པ་ཨེན་ཌི་རུ་མའར་ལ་༧གོང་ས་མཆོག་གིས་བཀའ་ལན་གནང་བ་བཅས་ཀྱི་གནས་ཚུལ་བྱུང་འདུག་།