བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སྲིད་སྐྱོང་མཆོག་གིས་ལམ་སྟོན་གནང་འདུག

2023.02.06
བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སྲིད་སྐྱོང་མཆོག་གིས་ལམ་སྟོན་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་ཆིས་ཁཱ་གྷོ་(Chicago)་ཁུལ་གྱི་གཞོན་སྐྱེས་དང་མཇལ་འཕྲད་སྐབས། ༠༢།༠༥།༢༠༢༣
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་ཆིས་ཁཱ་གྷོ་(Chicago)་ཁུལ་སོགས་ཀྱི་མཛད་འཆར་འགྲུབ་ནས། ཕྱིར་འདི་ག་ཨ་རིའི་རྒྱལ་སར་ཕེབས་འབྱོར་གྱིས་ཚེས་༦ནས་ཨ་རིའི་གཞུང་གི་རོགས་དངུལ་དང་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་དང་། ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་དཔོན་རིགས་དང་མཇལ་མོལ་གནང་རྒྱུ་རེད་འདུག
ཕྱི་ཟླ་གཉིས་པའི་ཚེས་༥རེས་གཟའ་ཉི་མའི་ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཆིས་ཁཱ་གྷོ་ཁུལ་གྱི་མཛད་རིམ་མཐའ་མར། དེ་ཁུལ་ཀྱི་བོད་མི་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་སྐབས། བོད་ཁ་བའི་ལྗོངས་ཞེས་པའི་གོ་དོན་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་ཀྱི་ཆུ་ཆེན་ཁག་བོད་གཙོས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཇི་ཙམ་གྱི་གལ་ཆེན་པོ་ཡིན་པ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཡོང་རྐྱེན། བོད་ཀྱི་བཙན་པོའི་དུས་རབས་སྐབས་ཀྱི་བོད་ཀྱི་གནས་སྟངས་དང་ལོ་རྒྱུས། རྒྱ་གར་དང་བོད་ཀྱི་འབྲེལ་བ། ཨ་མི་རི་ཀ་དང་བོད་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་ད་བར་གྱི་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད་འདུག
གསུང་བཤད་འགྲུབ་པའི་རྗེས། གཞོན་སྐྱེས་ཚོའི་དྲི་བར་ལན་འདེབས་གནང་བ་དང་། གཞོན་སྐྱེས་ཚོས་ངེས་པར་དུ་བོད་ཀྱི་ས་བབ་ཆགས་ཚུལ་གཙོས་པའི་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱ་གལ་ཆེན་པོ་ཡིན་པ་དང་། དེ་ནི་མི་རིགས་གཞན་ལ་བོད་ཀྱི་སྐོར་འགྲེལ་བརྗོད་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཁྱོག་བཤད་བྱེད་པར་དྲང་བདེན་གྱི་ལན་འདེབས་བྱ་རྒྱུར་ཕན་ཐོགས་ཡོད་པའི་སྐོར་གསུངས་འདུག

Sikyong Penpa Tsering (1).jpg
གཞོན་སྐྱེས་དང་ཐུག་འཕྲད་ཀྱི་མཛད་རིམ་འགྲུབ་པའི་རྗེས། གཟའ་མཇུག་བོད་ཡིག་སློབ་གྲྭའི་འཛིན་གྲྭ་ཁག་ལ་གཟིགས་སྐོར་གནང་ཡོད་པ་དང་། དེའི་རྗེས་ས་གནས་ཚོགས་གཞོན་དང་རྒྱུན་ལས་རྣམས་ཀྱིས་སྲིད་སྐྱོང་མཆོག་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ཏེ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་ཡོད་པ་ལྟར། ཕྱི་ཚེས་༦ ནས་བཟུང་ཉིན་ཤས་རིང་ཨ་རིའི་རྒྱལ་སར་ཨ་རིའི་གཞུང་གི་རོགས་དངུལ་དང་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་དང་། ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་དཔོན་རིགས་དང་མཇལ་མོལ་གནང་རྒྱུའི་མཛད་རིམ་ཡོད་པའི་ཁྲོད། ཚེས་༦ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ཚན་པའི་འབྲེལ་ཡོད་མི་སྣ་དང་། དེ་བཞིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་(Derek Mitchell)་ལགས་སུ་མཇལ་འཕྲད་གནང་ནས་བོད་དོན་སྐོར་གྲོས་མོལ་གནང་རྒྱུ་དང་། ཚེས་༧ཉིན་སྲིད་སྐྱོད་མཆོག་ཨ་རིའི་གྲོས་ཚོགས་ནང་ཕེབས་ནས། གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎