སྲིད་སྐྱོང་མཆོག་གིས་བོད་མི་འདུས་སྡོད་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་ལ་དྭགས་སུ་གནང་།

2021-08-20
Share
སྲིད་སྐྱོང་མཆོག་གིས་བོད་མི་འདུས་སྡོད་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་ལ་དྭགས་སུ་གནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་ལ་དྭགས་སུ། ༨།༢༠།༢༡
tibet.net

ཕྱི་ཟླ་༨་པའི་ཚེས་༢༠་ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བོད་དང་ས་འབྲེལ་རྒྱ་གར་མཐའ་མཚམས་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་ལྟར་ལ་དྭགས་བསོད་ནམས་གླིང་བཞི་ཆགས་སུ་ཕེབས་ཡོད་པ་རེད།
ལ་དྭགས་བ་ཀུ་ལ་གནམ་ཐང་དུ་ཕེབས་འབྱོར་སྐབས། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལ་དྭགས་ནང་ཚོགས་ཀྱི་དབུ་ཁྲིད་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལག་རུག་ཚེ་རིང་རྡོ་རྗེ་ལགས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས། ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ལ་སྤྱི། ས་གནས་ཁྲིམས་དྲུང་། མཉམ་དྲུང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་གཙོས་བོད་མི་མང་པོས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལ་དྭགས་ཀྱི་གསར་འགོད་པས་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད་སྐོར་བཅར་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། འོས་བསྡུའི་སྔོན་ཁས་ལེན་ཞུས་པ་ལྟར། བོད་མི་འདུས་སྡོད་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་དང་པོ་ལ་དྭགས་སུ་ཡོང་བ་ཡིན། སྤྱིར་ལ་དྭགས་སུ་ཐེངས་ཁ་ཤས་ཡོང་མྱོང་ཡོད་ཀྱང་། བྱང་ཐང་ལ་བསྐྱོད་མ་མྱོང་བར་བརྟེན། ད་ཐེངས་བྱང་ཐང་གི་གནས་སྟངས་ཆ་ཚང་རྒྱུས་ལོན་བྱེད་རྒྱུ་དང་། ལ་དྭགས་ཁུལ་གྱི་བོད་མིའི་གནས་སྟངས་རྒྱུས་ལོན་དང་འབྲེལ་ཐུན་མོང་གི་ནུས་བ་མཉམ་སྤུངས་ཀྱི་ཐོག་ནས་མི་མང་ལ་ཐུགས་ཕན་གསོ་བ་དང་། མི་མང་གི་དགོས་མཁོ་སྐོང་ཐུབ་ཆེད་གཟིགས་ཞིབ་གནང་རྒྱུ་ཡིན་པ་དང་། དེ་བཞིན་ས་གནས་ཀྱི་གནད་ཡོད་དཔོན་རིགས་ཁག་དང་མཇལ་མོལ་བྱེད་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཉིན་དེར་ཐད་ཀར་སྲིད་སྐྱོང་མཆོག་གིས་ལ་དྭགས་ལ་སྤྱི་གཙོས། ས་གནས་འཐུས་ཚོགས་དང་། མཉམ་འབྲེལ་ལས་ཁུངས། རང་བདེན་ཚོགས་ཆུང་། ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ལ་དྭགས་བོད་ཁྱིམ། ས་གནས་ཁྲིམས་ཞིབ་ཁང་བཅས་སུ་གཟིགས་ཞིབ་གནང་ཡོད་འདུག
མཛད་འཆར་ལྟར་ན། ད་ཐེངས་ལ་དྭགས་སུ་སྲིད་སྐྱོང་མཆོག་ལ་སྤྱི་ཚེས་༢༠་ནས་༢༨་བར་གཟིགས་ཞིབ་དང་མཇལ་མོལ་སོགས་གྱི་མཛད་རིམ་འདྲ་མིན་ཡོད་པ་དང་། ལ་དྭགས་བྱང་ཐང་ཕྱོགས་ཀྱི་ས་ཁུལ་ཁག་༨་ལ་ཕེབས་རྒྱུའི་མཛད་རིམ་ཡང་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།