སྲིད་སྐྱོང་མཆོག་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་མཉམ་དུ་བོད་དོན་གླེང་མོལ་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཚེས་༢༩ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་༢༠༠ཡོད་པའི་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་(Swiss National Council)་ཀྱི་ཚོགས་གཙོ་(Eric Nussbaumer)་ལགས་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་སེམས་འགུལ་ཐེབས་པའི་བཀའ་མོལ་གནང་ཐོག ད་དུང་ཡང་གནད་དོན་མང་པོའི་ཐད་བཀའ་བསྡུར་གནང་རྒྱུར་ངང་སྒུག་ཞུ་བཞིན་ཡོད་སྐོར་གསུངས་འདུག
དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་(X)་སྤྱི་ཚོགས་དྲྭ་རྒྱའི་ཐོག སྲིད་སྐྱོང་མཆོག་གིས་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཅོ་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་བ་མ་ཟད། སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་(Maya Graf)་ལགས་དང་། (Barbara Gysi)་ལགས། (Fabian Molina)་ལགས། (Nik Gugger)་ལགས་བཅས་ཀྱིས་སུད་སིའི་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ། ད་དུང་ཁོང་རྣམས་དང་ལྷན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་གལ་གནད་གཞི་ལ་བཞག་པའི་དབུས་བོད་མིའི་སྒྲིག་འཛུགས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རིན་ཐང་ཐད་བཀའ་བསྡུར་གནང་ཡོད་འདུག
ད་དུང་འདི་གའི་ས་གནས་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར་ན། སྲིད་སྐྱོང་མཆོག་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ་མི་ལོ་༣༥འཁོར་བའི་མཛད་སྒོར་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཁང་གི་ནང་ཆེད་བཅར་གནང་བ་དང་མཉམ། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་ད་ལྟའི་བོད་ནང་རྒྱ་ནག་གི་སྟངས་འཛིན་འོག་མུ་མཐུད་དུ་དཀའ་ངལ་ཡོད་མུས་ཡིན་པའི་གནས་སྟངས་ངོ་སྤྲོད་གནང་བ་དང་། བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གལ་གནད་དང་། ད་ལྟ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་དོན་འཐབ་རྩོད་དེ་འཚེ་བ་མེད་པའི་ལམ་ལ་གཞི་བཅོལ་ཏེ། དབུ་མའི་ལམ་གྱི་སྲིད་ཇུས་འོག་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་མུ་མཐུད་འབད་བརྩོན་གནང་བཞིན་པ་སོགས་མཁྱེན་པའི་ཐོག་ནས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་དགོས་པའི་འབོད་སྐུལ་གནང་ཡོད་འདུག
སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྲིད་སྐྱོང་མཆོག་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཁག་ངོ་སྤྲོད་གནང་བ་དང་མཉམ། ཉེ་ལམ་ཚེས་༡༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་(S.138 Promoting a Resolution to the Tibet-China Dispute Act)་དེ་སྤྱི་མོས་ཀྱི་རྒྱབ་སྐྱོར་གཏན་འབེབས་བྱུང་ཡོད་པ་བཞིན། དེ་འདྲ་བའི་བོད་དོན་ཁྲིམས་འཆར་སུད་སིའི་གྲོས་ཚོགས་ནང་གཏན་འབེབས་གནང་ཐུབ་ན་ཕན་ཐོགས་ཡོད་པའི་སྐོར།
ཚེས་༢༨་ཉིན་སྲིད་སྐྱོང་མཆོག་རི་ཀོན་ཆོས་འཁོར་དགོན་དུ་ཆེད་ཕེབས་ཀྱིས་གནས་གཟིགས་དང་མཉམ། ཉིན་རྒྱབ་སུད་སིར་གནས་འཁོད་བོད་མི་རྣམས་ལ་བོད་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་སོགས་བོད་དོན་གཏམ་བཤད་གནང་བ་དང་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། རབ་སྒང་ཚེ་ཕུན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།