ཟས་བཅད་ངོ་རྒོལ་བྱས་ནས་ཉིན་གྲངས་༢༦ཕྱིན་འདུག
2012.12.18
དེ་ཡང་རྒྱ་གར་ཁ་ན་ཁྲ་ཀ་མངའ་སྡེའི་ནང་གི་མེ་སོར་དང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཉིས་ཀྱི་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་འདི་ལོ་ཟླ་༡༡ ཚེས་ ༢༣ ཉིན་ནས་མི་མང་རེས་མོས་ཀྱིས་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཟས་བཅད་ངོ་རྒོལ་གནང་ཡུལ་དུ་འཕྲེད་དར་ཆེན་པོ་ཞིག་ཐོག་ “བོད་མི་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ།” ཞེས་འཁོད་ཡོད་འདུག། ལས་འགུལ་དེར་ཉིན་རེ་བཞིན་ས་གནས་ཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་༡༠ རེ་དངས་བླང་ཀྱི་ཐོག་ནས་མཉམ་ཞུགས་གནང་གི་ཡོད་འདུག།
དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་། གཞན་ཡང་སློབ་ཕྲུག་དང་། མི་མང་རྒན་གཞོན་དར་གསུམ་ཟས་བཅད་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་དང་བྱེད་བཞིན་འདུག་ལ། ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་དེར་ དགོས་འདུན་དོན་ཚན་བཞི་ཡོད་པའི་ནང་དོན་གཙོ་བོ་ནི་ བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ཛ་དྲག་གིས་མཚམས་འཇོག་དགོས་པ་དང་། བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་རྟོགས་ཐབས་དང་བོད་མིའི་དཀའ་ངལ་སེལ་དགོས་པ། རྒྱལ་སྤྱིའི་རང་དབང་ཅན་གྱི་མི་སྣ་བོད་ནང་དུ་བཏང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་བྱེད་དགོས་པ། དེ་བཞིན་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་བཅས་ཡིན་འདུག
ད་ལྟའི་བར་དུ་ཟས་བཅད་ངོ་རྒོལ་དེའི་ནང་སྔ་ཕྱིར་མི་མང་ ༢༦༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། ད་དུང་ཡང་མུ་མཐུད་ཟས་བཅད་གོ་རྒོལ་བྱེད་བཞིན་ཡིན་འདུག ། ལས་འགུལ་སྣེ་ཁྲིད་པ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོན་མ་ལགས་ཀྱིས་་“ང་ཚོ་ཚོགས་པ་གཉིས་ཀྱི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དེ་ད་དུང་བོད་ནང་གི་ཛ་དྲག་གནས་བབ་ལ་ལྟ་བཞིན། དུས་ཚོད་ངེས་མེད་ཡིན་”ཞེས་བོད་ཀྱི་བང་ཆེན་གསར་ལས་ཁང་ལ་བཤད་འདུག