སེམས་དང་ཡིད་བློའི་གནས་ལུཊ་སྐོར་བགྲོ་གླེང་ལྷུག་པོ་གནང་འདུག

2016-12-20
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་དབུ་བཞུཊ་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་བར་མཁས་བའི་བགྲོ་གླེང་གནང་བཞིན་པ། ༢༠༡༦།༡༢།༡༩
༧གོང་ས་མཆོག་དབུ་བཞུཊ་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་དང་ཚན་རིག་བར་མཁས་བའི་བགྲོ་གླེང་གནང་བཞིན་པ། ༢༠༡༦།༡༢།༡༩
OHHDL

༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ནི་འཛམ་གླིང་འདི་ཞི་བདེ་བདེ་སྐྱིད་ལྡན་པ་བསྐྲུན་ཐབས་སུ་ཡིན་པ་གསུངས་འདུག
དེ་ཡང་འདི་ཚེས་༢༠་ཐམ་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཚུགས་པའི་ཨེ་མོ་རི་དང་བོད་ཀྱི་ཆེད་བསྡུས་ནང་ཆོས་དང་ཚན་རིག་མཁས་པའི་རྒྱལ་སྤྱིའི་བགྲོ་གླེང་གི་ཚོགས་འདུ་ཉིན་མཐའ་མའི་ཉིན་དབང་རྩའི་ཚན་རིག་པ་དང་ནང་པ་སོ་སོས་སེམས་དང་ཡིད་བློའི་གནས་ལུགས་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
སྐབས་དེར་དབང་རྩའི་ཚན་རིག་པ་གྲགས་ཅན་Christopher Kog་དངོས་ཁམས་ཚན་རིག་པ་ཚོས་སེམས་ཟེར་བ་དེ་ནི་མྱོང་ཚོར་ཙམ་ལ་གོ་དགོས་པ་གསུངས་པ་དང་། ཁོང་གིས་གང་ཟག་གང་ཞིག་འཚོ་བཞིན་གནས་པའི་དཔང་རྟགས་ཆེ་ཤོས་ནི་གང་ཟག་དེས་ཚོར་བ་བདེ་སྡུག་བཏང་སྙོམས་ལ་སོགས་པ་མྱངས་པའི་མྱོང་ཚོར་ཡོད་པ་དེ་ཉིད་ཡིན་པ་གསུངས་ཡོད་པ་རེད།  ཡང་ནང་པའི་དགེ་འདུན་པ་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཀའི་ཐོག་སྦྱང་ཆ་ཆེན་པོ་ཡོད་མཁན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་བློ་གྲོས་བཟང་པོ་ལགས་ཀྱིས། ནང་པའི་གཞུང་ལུགས་ཀྱི་ནང་སེམས་དང་སེམས་བྱུང་གི་རྣམ་བཞག་འགྲེལ་བརྗོད་གནང་ཞིང་། དེ་ཡང་སེམས་ཡིན་ན་གཙོ་སེམས་ལྔ་གང་རུང་ལ་བརྟེན་པ་ཞིག་ཡིན་པ་དགོས་པ་སོགས་ངོ་སྤྲོད་གནང་པ་དང་དུས་མཚུངས། ནང་པའི་གཞུང་ལུགས་ཀྱི་ནང་སེམས་ཕྲ་རག་གི་རྣམ་བཞག་འཇོག་ཚུལ་སོགས་ངོ་སྤྲོད་གནང་ཡོད་པ་རེད། སེམས་སམ་ཡིད་བློའི་བརྗོད་གཞི་འདི་ནི་ནང་པའི་ཚན་རིག་པ་དང་རིག་གསར་པའི་དབར་ཐོུང་བའི་གཞི་ཡུལ་མེད་པའི་གནད་དོན་ཞིག་ཡིན་ལ། ཕྱོགས་གཉིས་པོས་ངོས་འཛིན་བྱེད་པའི་འགག་རྩའི་གནད་དོན་ཞིག་ཀྱང་ཡིན་པ་རེད།
མཁས་དབང་སྐུ་ཞབས་Christopher Kog་དང་དེ་མིན་ཚན་རིག་པ་ཚོས་ཡིད་བློའི་བྱེད་ལས་ནི་ཀླད་པའི་འཕེལ་རླབས་དང་ཀླད་པའི་རྫས་ཀྱི་འཕོ་བསྒྱུར་སོགས་ལ་རྟགས་དཔྱད་བྱེད་ལུགས་དང་། དེ་ཡང་གཙོ་བོ་ཙི་ཙི་ལ་སོགས་པ་དུད་འགྲོའི་རིགས་ཀྱི་ཀླད་པར་གཙོ་བོ་རྟགས་དཔྱད་བྱེད་ལུགས་སོགས་ངོ་སྤྲོད་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཚན་རིག་པ་ཚོས་མིའི་ཀླད་པའི་རྫས་ལ་དངོས་སུ་རྟག་དཔྱད་ཐུབ་མིན་བཀའ་འདྲི་གནང་པར་། ཚན་རིག་པ་ཚོས་འཕྲོད་བསྟེན་ཚུལ་སྤྱོད་ཁྲིམས་ལུགས་ཀྱི་ཐོག་ནས་ནུབ་ཕྱོགས་ནང་མི་གསོན་པོ་ཞིག་གི་ཀླད་པ་སྔོག་སྟེ་རྟག་དཔྱད་བྱེད་ཆོག་གི་མེད་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་པ་རེད། ནང་པའི་མཁས་པ་ཁག་གཅིག་གིས། དབྱིན་སྐད་ནང་Consciousness ཟེར་བ་དེ་བོད་སྐད་ནང་གི་རྣམ་ཤེས་ལ་བསྒྱུར་སྐབས་བརྗོད་བྱའི་ཚིག་གི་དོན་ངོ་མར་གནས་མིན་དྭོགས་པ་ཡོད་པའི་སྐོར་གསུངས་ཏེ། རིག་གསར་ཚན་རིག་དང་ནང་པའི་ཚན་རིག་པའི་དབར་གནད་དོན་འདིའི་ཐད་ཕན་ཚུན་ལེགས་སྤེལ་གྱི་བགྲོ་གླེང་དོན་དང་ལྡན་པ་ཞིག་ཡོང་རྒྱུར། ཕྱོགས་གཉིས་པོས་སོ་སོའི་འདོད་ཕྱོགས་ཁག་ཕྱོགས་གཞན་གྱིས་ཤེས་རྟོགས་གསལ་པོ་བཟོ་རྒྱུ་གལ་འགངས་ཆེན་པོ་ཡིན་པར་མོས་མཐུན་བྱུང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ནང་ཆོས་དང་ཚན་རིག་བར་མཁས་བའི་བགྲོ་གླེང་གནང་བཞིན་པ་ནི་འཛམ་གླིང་འདི་ཞི་བདེ་ལྡན་པ་དང་བདེ་སྐྱིད་ལྡན་པ་བསྐྲུན་ཐབས་སུ་ཡིན་པ་དང་། ནང་པའི་དགེ་འདུན་པ་ཚོས་ཚན་རིག་ལ་སྦྱངས་པ་གནང་སྟེ་ད་ཆ་ནུབ་ཕྱོགས་པའི་ཚན་རིག་གྲགས་ཅན་པ་ཁག་དང་མཉམ་དུ་བགྲོ་གླེང་དང་སོ་སོའི་འདོད་ཚུལ་གསལ་སྟོན་བྱེད་ཐུབ་པ་ཙམ་ཟད། དབྱིན་ཇིའི་སྐད་ཡིག་ནང་དེ་ལྟར་བྱེད་ཐུབ་པར་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༢༠་ཉིན་སྟེ་ཆེད་བསྡུས་ཚོགས་འདུ་ཉིན་མཐའ་མའི་ཚོགས་དུས་མཐའ་མའི་སྐབས་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་ཡ་རབས་སྤྱོད་བཟང་གི་ལག་ལེན་དང་། ཤེས་ཡོན་སློབ་གསོའི་ལམ་ལུགས་ཀྱི་ཚུལ་སྤྱོད་ཀྱི་དགོས་མཁོ་སོགས་ཀྱི་སྐོར་བཀའ་སྡུར་གནང་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།