ཨ་རིའི་གྲོས་ཚོགས་འོག་མས་ཐེ་ཝན་རྒྱ་ནག་གི་ཆ་ཤས་བཏོན་པའི་ས་ཁྲ་ཉོ་རྒྱུ་དང་བཟོ་རྒྱུར་སྔོན་རྩིས་བཀའ་ཁྲོལ་མི་སྤྲོད་རྒྱུའི་གྲོས་ཆོད་བཞག་འདུག

2021-07-30
Share
ཨ་རིའི་གྲོས་ཚོགས་འོག་མས་ཐེ་ཝན་རྒྱ་ནག་གི་ཆ་ཤས་བཏོན་པའི་ས་ཁྲ་ཉོ་རྒྱུ་དང་བཟོ་རྒྱུར་སྔོན་རྩིས་བཀའ་ཁྲོལ་མི་སྤྲོད་རྒྱུའི་གྲོས་ཆོད་བཞག་འདུག
སྒྲིག་བཟོ།

ཨ་རིའི་གྲོས་ཚོགས་འོག་མས་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་ཕྱིའི་རྒྱལ་ཁབ་ལ་རོགས་སྐྱོར་འགྲོ་གྲོན་སྔོན་རྩིས་ཀྱི་ཁྲིམས་འཆར་གཏན་འབེབས་བྱེད་པའི་ནང་། ་ཐེ་ཝན་རྒྱ་ནག་གི་ཆར་ཤས་སུ་བཏོན་པའི་ས་ཁྲ་ཨ་རིའི་གཞུང་གིས་ཉོ་མི་ཆོག་པ་དང་། དེ་བཞིན་ས་ཁྲ་དེ་རིགས་བཟོ་རྒྱུ་དང་མཁོ་འདོན་བྱེད་པའི་ལས་གཞི་གང་འདྲ་ཞིག་ལ་ཡང་ཨ་རིའི་གཞུང་གྲོན་གཏོང་མི་ཆོག་རྒྱུ་གསལ་བཏོན་བྱས་འདུག

དེ་ཡང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ Tom Tiffany, Steve Chabot, Scott Perry, Kat Cammack དང་ Mike Gallagher བཅས་ཀྱིས་ཁྲིམས་འཆར་བསྐྱར་བཅོས་དགོས་འདུན་བཏོན་པ་དེར་སྤྱི་མོས་བྱུང་ཞིང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་འཐུས་མི་Tiffany ལགས་ཀྱིས་ཁྲིམས་འཆར་བསྐྱར་བཅོས་དེ་ང་ཚོས་ཉམས་མྱོང་གིས་ཐོག་ནས་བཤད་ན་ལག་བསྟར་དགོས་ངེས་ཤིག་ཡིན་པ་རེད་ཅེས་དང་། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་མིན་པ་ང་ཚོས་ཤེས་གསལ་རེད་ཅེས་གསུངས་འདུག

ཁོང་གིས་ཐེ་ཝན་གྱི་དབུ་ཁྲིད་ཐེ་ཝན་མི་དམངས་རང་ནས་འོས་འདེམས་བྱེད་པ་དང་། ཐེ་ཝན་ལ་དམག་དཔུང་ལོགས་སུ་ཡོད་པ། རང་དབང་གི་ཕྱི་འབྲེལ་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། དེ་བཞིན་རྒྱལ་སྤྱིའི་ཚོང་ལས་དང་འབྲེལ་བའི་གྲོས་མཐུན་ཁག་རང་དབང་གི་ཐོག་ནས་རྒྱལ་ཁབ་གཞན་དང་འཇོག་བཞིན་ཡོད་པ་སོགས་ཕྱོགས་གང་ནས་བལྟས་ཀྱང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་ནན་བརྗོད་གནང་འདུག  ཁོང་གིས་རྒྱ་ནག་གཅིག་ཟེར་བ་དང་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་པ་འདི་དག་ནི་རྒྱ་ནག་གི་རྫུན་བཟོའི་རང་བཞིན་ཞིག་ཡིན་སྟབས། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་རྒྱུན་ཁྱོངས་བྱེད་བཞིན་པ་མཚམས་འཇོག་དགོས་པའི་དགོངས་ཚུལ་གསུངས་འདུག

རྒྱ་ནག་གིས་གལ་ཏེ་ཐེ་ཝན་གྱིས་རང་བཙན་གསལ་བསྒྲགས་བྱས་ཚེ་ཐེ་ཝན་དྲག་པོའི་ལམ་ནས་ལེན་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད། ཨ་རིའི་གཞུང་གི་ལག་བསྟར་ཁྲིམས་ཡིག་ནང་ཐེ་ཝན་བདེ་འཇགས་ཐད་ཨ་རིའི་སྲུང་སྐྱོང་བྱེད་དགོས་པ་གསལ་ཡོད་ཅིང་། ཨ་རིའི་གཞུང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་ ༡༩༧༩ ལོར་བཞག་པའི་ཟུང་སྦྲེལ་མོས་མཐུན་གསལ་བསྒྲགས་ནང་། ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཞེས་འཁོད་ཡོད་པ་རེད། འོན་ཀྱང་ཨ་རིའི་གཞུང་གི་ངོས་ནས་ཐེ་ཝན་དང་མུ་འཐུད་ཚོང་དང་དཔལ་འབྱོར། རིག་གཞུང་གི་འབྲེལ་བ་རང་དབང་གི་ཐོག་ནས་བྱ་རྒྱུ་ཞེས་ཀྱང་གསལ་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཆོས་འཕེལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།