སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་མཆོད་འབུལ།


2020.10.19
སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་མཆོད་འབུལ། 10/19/2020 སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་མཆོད་འབུལ། 10/19/2020
tibet.net

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་གནང་འདུག
རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་དུས་ཡུན་རིང་ཤོས་ཀྱི་གྲས། མི་ལོ་༣༧རིང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་མྱོང་བ། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས། ཕྱི་ལོ་༢༠༠༢ལོར་སྨན་བཅོས་ཀྱི་མཚན་ཐོག་ནས་ཨ་མི་རི་ཀའི་ནང་ཕེབས་ཏེ། ཕྱིས་སུ་ཡོ་རོབ་སུད་སི་རྒྱལ་ཁབ་ནང་གནས་སྡོད་གནང་ཡོད་པ། ཉེ་ལམ་སྤྱི་ཟླ་༡༠པའི་༡༧ཉིན་དགུང་ལོ་༩༣ཐོག་དགོངས་པ་རྫོགས་ཡོད་པར། སྤྱི་ཟླ་༡༠པའི་ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་ཉིན་རྒྱབ་ལས་ཁུངས་ཁག་སྒོ་རྒྱབ་ནས། ཁོང་ལ་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་གནང་ཡོད་པ་དང་། བོད་མི་རིགས་དང་བོད་རྒྱལ་ཁབ། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལོ་མང་རིང་བཙོན་ཁང་དུ་དཀའ་སྡུག་མྱངས་བའི་རླབས་ཆེན་གྱི་མི་སྣ་ཞིག་དགོངས་པ་རྫོགས་པ་ནི། བོད་མིའི་སྤྱི་ཚོགས་ལ་གྱོང་གུད་ཆེན་པོ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

སྟག་སྣ་འཇིགས་མེད་བཟང་པོ་ལགས། ༡༩༦༥ལོར་སློབ་ཕྲུག་ཚོར་ཉེས་རྡུང་བཏང་བ་དང་། སློབ་གསོ་ངན་པ་སྤྲད་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་ནའང་། དོན་གྱིས་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེར་ལོག་སྤྱོད་པ་རེད་ཅེས། མི་མང་ལ་ངོ་རྒོལ་བྱེད་བཅུག་པར་ཁོང་གིས་ངོས་ལེན་མ་གནང་བར་བརྟེན་མི་ལོ་གསུམ་ལ་བཙོན་འཇུག་དང་། ཕྱི་ལོ་༡༩༧༠ལོར་སླར་ཡང་ལོ་བཅུར་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་མྱངས་ཡོད་ཅིང་། ཕྱི་ལོ་༡༩༨༣ལོར་བཙོན་འཇུག་ཐེངས་གསུམ་པའི་སྐབས་ལོ་༡༥ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཐོག ཁོང་གིས་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན་བསྐྱར་དུ་ལོ་༥བཙོན་འཇུག་དུས་ཡུན་སྤར་བ་དང་། ཕྱི་ལོ་༡༩༩༡ལོར་སུད་སིའི་གཞུང་འབྲེལ་མི་སྣས་གྲྭ་བཞི་བཙོན་ཁང་ནང་གཟིགས་ཞིབ་གནང་སྐབས། ཁོང་གིས་སྐད་འབོད་ཀྱིས་བཙོན་འཇུག་གི་དུས་ཡུན་བསྐྱར་དུ་ལོ་༨ལ་སྤར་བ་བཅས། ཁྱོན་བསྡོམས་མི་ལོ་༣༧རིང་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱངས་པའི་བོད་དོན་འཐབ་རྩོད་པ་ཞིག་དང་། བཙོན་འཇུག་དུས་ཡུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཆགས་ཡོད་པ་རེད།
དམ་པ་དེ་ཉིད་ནི་ཕྱི་ལོ་༡༩༢༦ནང་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༢ ལོར་ཚ་སྤྲུལ་རིན་པོ་ཆེས་བཀོད་མངགས་བཞིན་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་། ལོ་ངོ་སོ་བདུན་རིང་བཙོན་འཇུག་མནར་གཅོད་མྱངས་རྗེས་སྨན་བཅོས་ཀྱི་མིང་ཐོག་ནས་ཕྱི་ཕྱོགས་སུ་འབྱོར་བའི་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་མིའི་རང་དབང་། བོད་ཀྱི་ཁོར་ཡུག བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་བཅས་ཞུ་གཏུག་ཡར་ཞུ་དང་བོད་དོན་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎