བོད་རང་སྐྱོང་ལྗོངས་ཀྱིས་ལས་དོན་མང་པོར་བཀོད་སྒྲིག་གསར་པ་བྱས་པ།

2021-07-20
Share
བོད་རང་སྐྱོང་ལྗོངས་ཀྱིས་ལས་དོན་མང་པོར་བཀོད་སྒྲིག་གསར་པ་བྱས་པ། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ། ཝེ་ཧྲན་ཀྲུང་བཅས་པ་བཞུགས་མོལ་ཚོགས་འདུའི་སྐབས།
ཀྲུང་གོའི་བོད་ལྗོངས་དྲ་བ།

ཉེ་ཆར་སྤྱི་ཟླ་༧པའི་ཚེས་༡༦ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་མིའི་ཚོགས་འདུ་ཟེར་བ་ཞིག་བསྐོངས་ཚོགས་བྱས་ཏེ།རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པའི་བདུན་གཅིག་བརྒྱད་གཅིག་གཟེངས་རྟགས་ཟེར་བ་སྤྲོད་པའི་མཛད་སྒོ་དང་།རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་ཟེར་བའི་རྒྱུན་ལས་ཚོས་ཚོགས་འདུའི་ཐོག་རྟེན་འབྲེལ་བྱེད་སྒོའི་ཕྱོགས་བསྡོམས་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་ཡོད་མཚན་བཀོད་འཛོམས་འདུས་ཟེར་བ་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་གནས་ཚུལ་སྙན་སེང་དང་སྦྲགས།བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་མང་པོར་གོ་སྒྲིག་གསར་པ་བྱས་འདུག
གནད་དོན་དེའི་ཐད་ཐེ་ཝན་སྐུ་ཚབ་དོན་གཅོད་བསྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཚོགས་འདུ་དེའི་ནང་དོན་དང་འབྲེལ་བའི་ཐོག་ནས་འདི་ལྟར་འགྲེལ་བརྗོད་གནང་གི་འདུག་“ཁ་སང་སྤྱི་ཟླ་༧པའི་ཚེས་༡༦ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུའུ་ཡི་འཐུས་མིའི་ཚོགས་འདུ་རྒྱས་པ་དེ་ཚོགས་པ་རེད།ཚོགས་འདུ་དེའི་བརྗོད་བྱ་གཙོ་བོ་དེ་རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག ཞི་ཅིང་ཕིང་གི་གཏམ་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ལམ་སྟོན་ཟེར་བ་འདྲ་བོ། དེ་ཚོའི་ནང་དོན་གཙོ་བོའི་གྲས་སློབ་སྦྱོང་དང་སྲིད་བྱུས་ཁྱབ་བསྒྲགས་བྱས་པའི་ཚོགས་འདུ་ཞིག་རེད་འདུག་ག དེ་ཡིན་དུས་ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་བྱུས་གཏན་འབེབས་ཀྱི་ཚོགས་འདུ་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཚོགས་འདུ་དེའི་ནང་མ་འདྲ་བ་གཙོ་ག་རེ་ལབ་ཀྱི་འདུག་ཅེས་ན། བར་ལམ་ཞིག་ནས་༧རྒྱལ་བ་རིན་པོ་ཆེ་དང་ང་ཚོའི་བོད་གཞུང་དང་ཕྱི་རུ་ལས་ཀ་བྱེད་མཁན་དེ་ཚོ་ཚང་མ་རྦད་དེ་ལོག་སྤྱོད་པ་ལ་དགག་པ་ཤུགས་ཆེན་པོ་བརྒྱབ་དགོས་པ་དང་། དེ་ག་ནང་བཞིན་༧རྒྱལ་བ་རིན་པོ་ཆེས་ཆོས་ལུགས་བེད་སྤྱོད་བཟོས་ཏེ་བོད་ནང་དགོན་སྡེ་ཁག་གི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་བསྡད་པ་དེ་མེད་པ་བཟོ་དགོས་པ། དེ་བཞིན་ཆོས་ཚང་མ་རྒྱ་ནག་གི་ངོ་བོར་བསྒྱུར་ཏེ་ཆོས་ལུགས་ཐོག་སྟངས་འཛིན་བྱེད་ཐུབ་པའི་རྒྱ་མིའི་ལས་བྱེད་ཀྱི་དཔུང་སྡེ་ཡག་པོ་འཛུགས་བསྐྲུན་བྱེད་དགོས་པ་དེ་ཚོས་ག་རེ་མཚོན་འདུག་ཅེས་ན། བོད་ཐོག་ད་ལྟ་མུ་མཐུད་སྲིད་བྱུས་འཛིན་པ་དེ་༧རྒྱལ་བ་རིན་པོ་ཆེར་དགག་པ་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཞག་མི་ཆོག་པ། ༧རྒྱལ་བ་རིན་པོ་ཆེར་རྦད་དེ་མཚན་སྨད་ཞུ་རྒྱུ་ཤུགས་ཆེ་རུ་བཏང་ཡ་ཡིན་པ་དང་། ལྷག་པར་དུ། དགོན་སྡེ་གྲྭ་ཚང་ཁག་ལ་དམ་དྲག་ཧ་ཅང་ཤུགས་ཆེ་བྱ་ངེས་ཡིན་པ། རྒྱ་ནག་རང་གི་འོག་ལ་འགྲོ་བསྡད་པའི་ལངས་ཕྱོགས་བརྟན་པོ་སོགས་བསྡད་པའི་རིགས་གསོ་སྐྱོང་བྱས་ཏེ། ང་ཚོ་བོད་པ་རང་གི་འདུ་ཤེས་དང་སློབ་སྦྱོང་ཡོད་མཁན་ཚང་མ་མེད་པར་བཟོ་བའི་སྲིད་བྱུས་ཤུགས་ཆེན་པོ་བཏོན་ཡ་དེ། ད་ལན་ཚོགས་འདུ་དེའི་ནང་ཧ་ཅང་གསལ་བོ་ཆགས་ཡོང་གི་འདུག”འགྲེལ་བརྗོད་གནང་སོང་ལ།
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཟུར་པ། བོད་གནས་ཉམས་ཞིབ་པ་སྐུ་ཞབས་འཇམ་དཔལ་སྨོན་ལམ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ཀྱི་ངོ་བོ་ལ་སོགས་པའི་ཐད། ཐོག་མཐའ་བར་གསུམ་དུ་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་སྤྱི་ཟླ་༧འདིའི་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་ཁེལ་གྱི་ཡོད་སྟབས། རྒྱ་ནག་གཞུང་གིས་དམ་དྲག་ཇི་ལྟར་བྱས་མིན་ལ་མ་ལྟོས་པར། བོད་ནང་ཡོད་པའི་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་གི་ཡོད་པ་དེར། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནད་འགག་ཅིག་ཏུ་བརྩིས་ཏེ་དུས་ཚེས་དེ་དང་སྟབས་བསྟུན་ནས་༧སྤྱི་ནོར་༧གོང་ས་མགོན་ཆེན་པོ་མཆོག་ལ་ཆེད་དུ་མངགས་ནས་མཚན་སྨད་ཞུས་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག
“གཙོ་ཆེ་ཤོས་གཅིག་དེ་བོད་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲ་ཐག་ཐག་ཅིག་ཡོད་བསྡད་དུས། དེ་རྒྱ་ནག་གཞུང་གིས་ག་དུས་ཡིན་ན་རྒྱ་ནག་དང་ཐ་དད་ཀྱི་ངོ་བོ་ཞིག་མཐོང་བསྡད་དུས། དེ་རྒྱ་ནག་གི་ཆབ་སྲིད་ལ་དོ་ཕོག་འགྲོ་བ་ཞིག་མཐོང་ནས་བོད་པའི་ཆོས་དང་རིག་གཞུང་ལ་ག་དུས་ཡིན་ན་དམ་དྲག་བྱེད་པ་དང་། དེ་མཉམ་བསྲེས་དང་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཞེས་ཤུགས་བརྒྱབ་ཀྱི་འདུག་ག གང་ཡིན་ཟེར་ན། བོད་བརྒྱུད་ནང་བསྟན་དེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་བསྡད་ཡོད་པས། དེ་ཡང་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཟེར་བསྡད་པ་ལ་སོགས་ཚང་མ།
རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་ཆེན་པོ་ཞིག་གི་ཆེད་དུ་རེད་བསམ་གྱི་འདུག ལྷག་པར་ད་རེས་ཚོགས་འདུ་དེར་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་མང་པོ་ཞུས་བསྡད་པ་རེད”།ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། རྩ་བའི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སོགས་རྩ་གཏོར་གྱི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པའི་ཐོག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུར། རྒྱུན་ཆད་མེད་པར་བསྐུལ་འདེད་གཏོང་བ་སོགས་ཀྱི་བྱ་སྤྱོད་རིམ་པར་སྤེལ་བཞིན་པ་ཡིན་ནའང་། བོད་མིའི་ངོ་བོ་འགྱུར་བ་གཏོང་ཐུབ་རྒྱུ་ཧ་ཅང་གིས་དཀའ་བ་ཡིན་པ། བོད་གནས་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག

གསར་འགོད་པ། དབྱངས་སྒྲོན་དང་། བློ་བྷེ།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། སོག་ཚང་བློ་བྷེ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།