རྐྱེན་ངན་གྲོགས་ཤར་དང་རྐྱེན་ངན་བྱང་ཆུབ་ལམ་ལ་འགྱུར་ཐབས་དགོས་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་མཆོད་འབུལ་སྨོན་ལམ་སྐབས་བཀའ་སྩལ་བ།
ཟླ་བ་འདིའི་ཚེས་ ༧ ཉིན་གྱི་སྔ་དྲོར་བོད་གཞིས་ཁ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་པ་རྣམས་ཀྱི་ཆེད། འདི་ཚེས་ ༩ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཕྱི་ནང་བོད་མི་སེར་སྐྱ་མང་ཚོགས་ཕོན་ཆེ་ལྷན་བཞུགས་ཀྱིསམཆོད་འབུལ་སྨོན་ལམ་འཚོགས་སོང་བ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བ་དེར་རྐྱེན་ངན་གྲོགས་ཤར་དང་རྐྱེན་ངན་བྱང་ཆུབ་ལམ་དུ་འགྱུར་ཐབས་བྱ་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། བོད་མི་ཚོས་འབྱུང་བའི་གནོད་འཚེ་འོག་རྐྱེན་ངན་བྱུང་བ་དེར་སེམས་མ་ཞུམ་པར་དེ་ནི་ལས་དབང་ལ་བརྟེན་ནས་འཕྲད་པ་ཞིག་ཡིན་དུས། ང་ཚོ་བོད་མི་གཞིས་བྱེས་ཡོངས་ནས་དགེ་སེམས་སྐྱེ་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་སྩལ་གནང་སོང་།
ཐེངས་འདིའི་མཆོད་འབུལ་སྨོན་ལམ་ཐོག་སྦེ་ལ་ཀོ་པིར་བཅའ་སྡོད་བོད་མི་ཙམ་མ་ཟད་གཞིས་ཆགས་དེ་དང་ཐག་ཉེ་འབྲེལ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནས་བོད་མི་སེར་སྐྱ་མང་ཚོགས། གཞན་ཡང་ཕྱི་ནང་དད་ལྡན་པ་ཁག་གཅིག་ནས་ཀྱང་ལྷན་བཞུགས་གནང་འདུག་ལ། མཆོད་འབུལ་སྨོན་ལམ་དེར་བཅར་མཁན་མི་མང་ཁག་ཅིག་ནས་བོད་ནང་འབྱུང་བའི་གནོད་འཚེ་ཕོག་ནས་རྐྱེན་འདས་དང་རྨས་སྐྱོན་སོགས་ཤོར་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། མཆོད་འབུལ་སྨོན་ལམ་གསུང་འདོན་ཐོག་མཉམ་བཞུགས་གནང་རྒྱུ་གལ་ཆེ་དོན་ཆེན་ཞིག་དུ་ངོས་འཛིན་གྱིས་མཉམ་བཞུགས་གནང་བ་ཞིག་ཡིན་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་མཚུངས་འདི་ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་མཚོན་པས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་གྲྭ་ཚང་ཁག་གི་དགེ་བཙུན་ཙམ་མ་ཟད། འཛམ་གླིང་གང་སར་གནས་སྡོད་བོད་མི་མང་ཚོགས་ནས་ཀྱང་བོད་ནང་ས་ཡོམ་གྱི་རྐྱེན་ངན་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཞུ་ཆེད་མཆོད་འབུལ་སྨོན་འཚོག་བཞིན་ཡོད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།