རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག་བསྐྱར་བཅོས་ལག་བསྟར་བྱས་པ་ནི་བོད་ནང་གི་ཆོས་ལུགས་བྱེད་སྒོར་དམ་དྲག་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་གསལ་སྟོན།

2025.02.14
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག་བསྐྱར་བཅོས་ལག་བསྟར་བྱས་པ་ནི་བོད་ནང་གི་ཆོས་ལུགས་བྱེད་སྒོར་དམ་དྲག་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་གསལ་སྟོན།
AP

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ནས་བཟུང་། རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་གཏན་འབེབ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག་ཟེར་བའི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་དང་འབྲེལ་ལག་བསྟར་བྱེད་མགོ་ཚུགས་ཡོད་པ་ལས།་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱེད་ཕྱོགས་དང་། ཆོས་ལུགས་བྱེད་སྒོ་ཚང་མ་དམར་ཤོག་ཚོགས་པའི་བཀོད་ཁྱབ་འོག་ཏུ་ཚུད་དགོས་པ་དོ་ནན། དགོན་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ལ་སློབ་སྦྱོང་དགོས་སུ་དགོས་པ་སོགས་བསྐྱར་བཅོས་ནང་ཚུད་ཡོད་པ་དང་། བཞུགས་སྒར་དྷ་སར་བརྟན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། གནས་ཚུལ་དེ་ལུང་འདྲེན་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བསྐྱར་བཅོས་བྱས་པའི་སྒྲིག་ཁྲིམས་དེས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་དང་། བོད་ནང་གི་ཆོས་ལུགས་བྱེད་སྒོ་ཁག་ལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་བ་བཏང་སྟེ། བོད་ནང་གི་ཆོས་ལུགས་ལྟེ་གནས་ཁག་ཏུ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ལག་བསྟར་བེད་ཐབས་ཡིན་པ་ཐེར་འདོན་བྱས་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་བསྐྱར་བཅོས་བྱས་པའི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་ཟེར་བའི་ནང་། དེ་སྔ་ཕྱི་ལོ་ ༢༠༡༠་ལོའི་སྲོལ་ཡིག་གི་དོན་ཚན་བཞི་པའི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་གྲྭ་བཙུན་ཚང་མས་རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་བརྟན་བརླིང་སྲུང་སྐྱོབ་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་རིང་ལུགས་དགོངས་དོན་ཁྱབ་སྤེལ་དགོས་ཞེས་པ། བསྐྱར་བཅོས་ནང་དུ་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཚོས་མེས་རྒྱལ་ལ་དགའ་ཞེན་དང་། དམར་ཤོག་ཚོགས་པའི་མགོ་ཁྲིད་ལ་བརྩི་སྲུང་ནན་མོ་བྱས་ཏེ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བར་འབད་བརྩོན་དང་ངོས་ལེན་དགོས་པ་གཙོས། དེ་སྔ་དང་མི་འདྲ་བར་ཤུགས་ཆེན་པོ་དང་ནན་མོ། ཧུར་ཐག་འབད་བརྩོན། དངོས་སུ་ལག་བསྟར་ཟེར་བའི་ཚིག་མང་དག་ཅིག་ཁ་སྣོན་བྱས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ནས། འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ཐད་དྲག་གནོན་ཆེ་རུ་གཏོང་གི་ཡོད་པ་མ་ཟད། དེང་སྐབས་བོད་ནང་གི་ཆོས་ལུགས་ལ་དོ་དམ་ཙམ་མ་ཡིན་པར་བཙན་ཤེད་དམ་དྲག་གི་དབང་སྒྱུར་འོག་ཡོད་པ་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་ཟེར་བར་དོན་ཚན་ ༤༣ ཡོད་པ་ལས། ནང་དོན་གཙོ་ཆེ་ཤོས་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་གཞུང་གི་བཀོད་ཁྱབ་ལྟར་གཞུང་གི་དབང་སྒྱུར་འོག་ཚུད་དགོས་པ་རྐྱང་ཡིན་ན་ཡང་། བསྐྱར་བཅོས་དོན་ཚན་ ༡༡ ནང་དེ་སྔ་མེད་པ་གྲྭ་བཙུན་ཚོས་དགོན་པའི་ནང་མགོ་ཁྲིད་ཞི་ཅིན་ཕིན་གྱི་མགོ་ཁྲིད་པའི་ཆབ་སྲིད་སློབ་གཉེར་དགོས་པ། དོན་ཚན་༡༥་པའི་ནང་དེ་སྔ་དགོན་པ་ཁག་གིས་རང་ཉིད་ཀྱི་དགོན་པའི་གནས་སྟངས་དང་ཤོང་ཚད་དང་མཉམ་དུ་གྲ་བཙུན་བསྡུ་ལེན་དགོས་པར་བཤད་པར། བསྐྱར་བཅོས་ནང་དགོན་པ་ཁག་གིས་གྲ་བཙུན་བསྡུ་ལེན་སྐབས་ས་གནས་དང་རྫོང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་མགོ་ཁྲིད་ལ་ཆོག་མཆན་ཞུ་དགོས་པ་སོགས། དགོན་སྡེ་ཁག་གི་གྲྭ་བཙུན་བསྡུ་ལེན་དང་སློབ་གཉེར་བྱེད་སྟངས་སོགས་གཞུང་འབྲེལ་གྱི་བཀོད་ཁྱབ་དང་ཆོག་མཆན་འོག་འགྲོ་དགོས་པ་སོགས་བཀོད་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་ནང་། བསྐྱར་བཅོས་བྱས་པའི་ཁྲིམས་ཡིག་ཟེར་བ་དེས་བོད་ནང་གི་དགོན་སྡེ་དང་ཆོས་ལུགས་ལྟེ་གནས་ཁག་ཏུ་དམར་ཤོག་ཚོགས་པའི་ཆབ་སྲིད་དབང་སྒྱུར་གྱི་ལྟ་བ་མཉམ་བསྲེས་དང་འབྲེལ། གོ་རིམ་ལྡན་པའི་ངང་བོད་ཀྱི་ཆོས་ལུགས་རིག་གཞུང་དེ་རྒྱ་ཧན་མི་རིགས་ཀྱི་ངོ་བོར་སྒྱུར་ཐབས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་སོགས་བརྗོད་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་བསྐྱར་བཅོས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྲོལ་ཡིག་ཞེས་པ་དེ། ཕྱི་ལོ་ ༢༠༢༤ ཟླ་ ༩ ནས་བཟུང་ཕྱིར་བསྒྲགས་བྱས་ཡོད་པ་རེད་ལ། སྤྱིར་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱི་སྲིད་བྱུས་ཟེར་བ་ལག་བསྟར་དང་འབྲེལ། བོད་ནང་གི་དགོན་སྡེ་ཁག་ཏུ་ཆོས་ལུགས་བྱེད་སྒོ་གཙོས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ལོ་མགོ་ཁུལ་གྱི་དགོན་སྡེ་ཁག་ཚང་མས་སྤྱི་ཚོགས་དྲ་ལམ་དུ་ཆོས་འཆད་ཉན་གནས་ཚུལ་དར་སྤེལ་མི་ཆོག་པའི་ཁྲིམས་སྒྲིག་བཟོས་ཡོད་པ་མ་ཟད། དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ནང་གི་ཀིརྟི་དགོན་དང་དམུ་དགེ་དགོན། སྒོ་མང་དགོན་གཙོས་དགོན་པ་ཁག་མང་དག་ཅིག་ཏུ་གྲྭ་རྒྱུན་འཇོག་མི་ཆོག་པའི་དམ་དྲག་འོག་གྲྭ་ཆུང་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཅུག་པ་དང་། གྲ་བཙུན་ཚོས་རྒྱ་ནག་གཞུང་གཉེར་ཆབ་སྲིད་དྲིལ་བསྒྲགས་ལ་སློབ་གཉེར་དགོས་པའི་སྒྲིག་གཞི་དང་བཙན་ཐབས་ཤུགས་ཆེར་ལག་བསྟར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྒྱ་གར་ནང་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་མི་རྒྱ་གར་མི་སེར་བཟོས་པ་ཚོའི་རྒྱ་ནག་གི་མི་སེར་ཐོབ་ཐང་དང་ས་ཆའི་ཐོབ་སྐལ་སོགས་གཞུང་བཞེས་གཏང་རྒྱུ་ཡིན་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎