ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཐེ་ལན་ཌི་གཞུང་ལ་ཡུལ་དེའི་ནང་གི་ཡུ་གུར་བ་ཚོ་སྲུང་སྐྱོབ་དགོས་བའི་འབོད་སྐུལ་གནང་འདུག

2025.01.23
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཐེ་ལན་ཌི་གཞུང་ལ་ཡུལ་དེའི་ནང་གི་ཡུ་གུར་བ་ཚོ་སྲུང་སྐྱོབ་དགོས་བའི་འབོད་སྐུལ་གནང་འདུག ཐེ་ཝན་ཌིའི་རྒྱལ་སའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་བཀག་ཉར་ཁང་ཞིག་མདུན། ༠༡།༡༡།༢༠༢༥
AP

དེ་ཡང་ཐེ་ལན་ཌི་(Thailand)་གཞུང་གིས་ཡུལ་དེའི་ནང་བྲོས་བྱོལ་དུ་འབྱོར་ཡོད་པའི་ཡུ་གུར་བ་ཚོ་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱ་རྒྱུའི་ཉེན་ཁ་ཡོད་པའི་སྐབས་འདིར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་འདི་ཚེས་༢༢་ཉིན་ཐེ་ལན་ཌི་གཞུང་ལ་ཡུལ་དེའི་ནང་བྲོས་བྱོལ་དུ་འབྱོར་ཡོད་པའི་ཡུ་གུར་བ་ཚོ་སྲུང་སྐྱོབ་དགོས་བའི་འབོད་སྐུལ་གནང་འདུག
ཨ་མི་རི་ཀའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ་(Gregor W. Meeks)་ལགས་ཀྱིས། རྒྱ་ནག་གཞུང་གི་དྲག་གནོན་འོག་མནར་གཅོད་དང་མི་རིགས་རྩ་མེད་ཀྱི་དཀའ་སྡུག་མྱངས་མཁན་གྱི་ཡུ་གུར་བ་མི་གྲངས་༤༨་ཕྱི་ལོ་༢༠༡༤ལོར་ཐེ་ལན་ཌིའི་ནང་བྲོས་བྱོལ་དུ་འབྱོར་ནས་སྐྱབས་བཅོལ་གྱི་གནས་བབ་ཞུ་ཐབས་བྱེད་མཁན་རྣམས། ཐེ་ལན་ཌི་གཞུང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་སྒུར་ཏེ་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱེད་སྲིད་པའི་ཉེན་ཁའི་གནས་སྟངས་ལ་ང་རང་སེམས་ཁྲལ་ཧ་ཅང་གི་ཆེན་པོ་འདུག
རྒྱལ་སྤྱིའི་གསར་ལམ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་དཔང་རྟགས་ཁུངས་ལྡན་ར་སྤྲོད་བྱས་ཡོད་པ་བཞིན་ཡུ་གུར་བ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་ཡིན་ཚེ་རྒྱ་ནག་གཞུང་གིས་ཁོང་ཚོར་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་ཐེ་ཚོམ་མེད་པ་རེད། དེར་བརྟེན་ཐེ་ལན་ཌི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་གནོན་དང་མནར་གཅོད། གདུག་རྩུབ་སོགས་འགོག་པའི་ཆིངས་ཡིག་ཁས་ལེན་བྱེད་མཁན་གྱི་ཚོགས་མི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། གལ་ཏེ་ཐེ་ལན་ཌི་གཞུང་གིས་ཡུ་གུར་བ་དེ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྩིས་སྤྲོད་བྱས་པ་ཡིན་ཚེ། ཐེ་ལན་ཌི་གཞུང་གིས་སྐྱབས་བཅོལ་ཞུ་མཁན་རྣམས་རྒྱལ་ཁབ་གཞན་ལ་ཕྱིར་སློག་མི་བྱེད་པའི་ཁྲིམས་སྲོལ་ལག་བསྟར་དང་དེའི་ཁས་ལེན་རྣམས་འགལ་འཛོལ་བྱེད་མཁན་ཆགས་རྒྱུ་རེད།
དེར་བརྟེན་ཐེ་ལན་ཌི་གཞུང་ལ་ཡུ་གུར་བ་དེ་དག་སྲུང་སྐྱོབ་དང་སྐྱབས་བཅོལ་ཞུ་བའི་གོ་སྐབས་སྤྲོད་རྒྱུ། སྨན་བཅོས་ཀྱི་མཐུན་རྐྱེན་དགོས་ངེས་རྣམས་མཐུནའགྱུར་མཁོ་སྤྲོད་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་པ་གསུངས་འདུག
ད་དུང་ཁོང་གིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Marco Rubio)་ལགས་ཀྱིས་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་ཕྱིར་སྤྲོད་མི་བྱེད་པའི་ཕྱག་ལས་གནང་རྒྱུའི་ཁས་ལེན་གནང་བ་དོན་འཁྱོལ་གནང་བའི་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་ཨ་མི་རི་ཀའི་སྲིད་འཛིན་(Doanld Trump) གཞུང་ལ་ཡུ་གུར་བ་རྣམས་རྒྱ་ནག་གཞུང་གི་གཉའ་གནོན་མྱོང་མི་དགོས་པའི་དགོས་ངེས་ཀྱི་བྱ་ཐབས་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག
འདི་ཚེས་༢༣ཉིན་ཐེ་ལན་ཌི་གཞུང་གིས་ཡུལ་དེའི་ནང་བྲོས་བྱོལ་དུ་འབྱོར་ཡོད་པའི་ཡུ་གུར་བ་ཚོ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་འཆར་གཞི་གང་ཡང་མེད་པ་གཞུང་གི་མགྲིན་ཚབ་པ་ཞིག་གིས་བརྗོད་འདུག་ལ། བདུན་ཕྲག་སྔོན་མར་ཐེ་ལན་ཌིའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་མགྲིན་ཚབ་པ་(Jirayu Huangsab)་ཞུས་བས་ཐེ་ལན་ཌི་ལ་དེ་ལྟར་བྱེད་རྒྱུའི་སྲིད་བྱུས་གང་ཡང་མེད། ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྐད་ཀྱི་སྡེ་ཚན་གསུངས་ཡོད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎