༸གོང་ས་མཆོག་ལ་ཡོ་རོབ་གྲོས་ཚོགས་ནས་གདན་ཞུ་ཕུལ་བ།

༸གོང་ས་མཆོག་ལ་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཡོ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་བར་གཞུང་འབྲེལ་གྱི་གདན་ཞུ་ཕུལ་བ།
2008-09-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཡོ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་བར་གཞུང་འབྲེལ་གྱི་གདན་ཞུ་ཕུལ་ཡོད་པ་རེད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་གསུམ་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧའན་སེ་གཏེ་པོ་ཀྲེན་རིང་མཆོག་དང་ཡོ་རོབ་ཀྱི་རྒྱལ་ཁབ་སིཔེན་ནང་དུ་གསར་འཛུགས་གནང་བའི་བོད་ཁང་གི་འགན་འཛིན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མཇལ་འཕྲད་ཀྱིས་གྲོས་མོལ་གནང་བའི་སྐབས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡོ་རོབ་གྲོས་ཚོགས་སུ་བོད་དང་རྒྱ་ནག་གི་གནད་དོན་ཐད་ལ་གསུང་བཤད་གནང་བར་གདན་ཞུ་ཕུལ་བའི་སྐོར་གསུང་པ་དང་ལྷག་པར་དུ་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པ་དང་ཁོང་གི་ངོས་ནས་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐུབ་རྒྱུར་རྒྱབ་སྐྱོར་དང་ཡིད་ཆེས་ཞུ་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པོ་ཀྲེ་རིང་ནི་འདི་ལོའི་ཕྱི་ཟླ་བཞི་པའི་ནང་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་མང་མོས་གྲོས་ཆོད་བཞག་པ་དེའི་ཐད་གཙོ་བོའི་ཐུགས་འགན་བཞེས་གནང་མཁན་ཞིག་ཡིན་པ་དང་ལྷག་པར་དུ་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་བོད་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་བྱ་སྤྱོད་ཐད་ལ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་རེད། སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཀྱང་ཚོགས་གཙོ་མཆོག་ལ་ཁྱེད་དང་ཡོ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་གནང་བ་ཐུགས་རྗེས་ཆེ་ཞུ་རྒྱུ་དང་འཚེ་མེད་ཞི་བའི་ཐབས་ལམ་དང་དྲང་བདེན་ནི་བོད་མི་ཚོས་རྩ་དོན་ཐོག་འཐབ་རྩོད་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་དང་དེས་བོད་མི་ཚོའི་ཕུགས་ཀྱི་རེ་འདུན་འགྲུབ་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ཡིད་ཆེས་ཡོད་ཅེས་གསུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།