༸གོང་ས་མཆོག་གིས་ཧང་ག་རི་རུ་དད་ལྡན་མི་མང་ལ་བཀའ་སློབ།

༸གོང་ས་མཆོག་གིས་ཧང་ག་རི་དད་ལྡན་ཆོས་ཞུ་བར་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་པའི་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད་

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧང་ག་རི་ནང་པའི་མཐུན་ཚོགས་དང་ཧང་ག་རི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ འདི་ཟླའི་ཕྱི་ཚེས་༡༧ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧང་ག་རིའི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་ ཕྱི་ཚེས་༡༨ཉིན་༧གོང་ས་མཆོག་ཡུལ་དེའི་ནང་ཆིབས་སྒྱུར་བསྐྱངས་པར་གྲ་སྒྲིག་ཚོགས་ཆུང་གི་ཕེབས་བསུའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་དང་ཕེབས་བསུའི་ལྷན་འཛོམས་དེའི་ཐོག་འཛམ་གླིང་ཡུལ་གྲུ་མང་པོ་ནས་ཕེབས་པའི་མི་མང་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་བྱས་ཡོད་པར་ ཐོག་མར་གྲ་སྒྲིག་ཚོགས་ཆུང་གི་དབུ་ཁྲིད་ནས་ ༧གོང་ས་མཆོག་ད་རེས་ཡུལ་དེའི་ནང་ཕེབས་ཐེངས་བདུན་པ་དེ་ཡིན་པ་དང་ ༧གོང་ས་མཆོག་ཡུལ་དེར་ཞབས་སོར་འཁོད་པ་ཙམ་གྱིས་ང་ཚོར་གང་ཅིའི་ཕན་ཐོགས་ཆེན་པོ་འདུག་ཅེས་གུས་བརྩིའི་གསུང་བཤད་གྲུབ་མཚམས་༧གོང་ས་མཆོག་ནས་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དང་དུས་མཚུངས་ནང་སེམས་ལ་ཡང་བསྒྱུར་བཅོས་བཏང་ཚེ་ རང་གཞན་གཉིས་ཀར་ཕན་ཐོགས་ཡོད་པའི་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད་

དེ་བཞིན་ཉིན་དེའི་ཕྱི་དྲི་༧གོང་ས་༧སྐྱབས་མགོན་ཆནེ་པོ་མཆོག་ལ་སྦུ་ཌ་པེ་སིའི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཞིག་གྲོང་ཁྱེར་ཚོགས་ཁང་དུ་འབུལ་ལམ་ཞུས་ཡོད་འདུག་ལ་ དེ་ནས་ཕྱི་ཚེས་༡༩ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱན་རས་གཟིགས་ཀི་བཀའ་དབང་བསྩལ་གནང་མཛད་རྒྱུ་དང་ ཉིན་རྒྱབ་བྱམས་བརྩེ་ནི་བདེ་སྐྱིད་བསྐྲུན་ཐབས་ཤིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་ དེ་མིན་ཕྱི་ཚེས་༢༠ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧང་ག་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་གོང་མར་བཀའ་སློབ་བསྩལ་རྒྱུ་དང་ ཕྱི་ཚེས་༢༡ཉིན་ཡུལ་དེ་ནས་འཇར་མ་ནི་ཡུལ་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག།