གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཕྱི་ལོ་ ༢༠༢༦ ལོར་སྒོ་རྒྱག་འཆར་གྱི་བསམ་བློ་བཏང་བསྡད་ཡོད་ཅེས། དཔལ་འབྱོར་བཀའ་བློན་གྱིས་གྲོས་ཚོགས་སུ་གསལ་བཤད་གནང་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པ་སྟེ། ཟླ་བ་ ༩ པའི་ཚེས་ ༡༣ ཉིན་གྲོས་ཚོགས་སུ་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ལས་བསྡོམས་སྙན་སྒྲོན་གྱིས། སྤྱི་འཐུས་རྣམ་པས་དྲི་བ་གནང་བར་སྲིད་སྐྱོང་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས་ལན་འདེབས་ཀྱི་གྲོས་ཚོགས་ལས་རིམ་དུ། བོད་མི་མང་མདོ་སྟོད་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ནས།གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཕུགས་དམིགས་ཀྱི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འདུན་པ་མེད་པ་ཞིག་སོ་སོས་ཚོར་གྱི་འདུག མ་འཇོག་གི་བདག་པོ་ཆ་ཤས་གཅིག་རེད་སྙམ་གྱི་ཡོད་པ་དང་། དངོས་གནས་བྱས་ན་དེ་ལ་ཨ་རིའི་རོགས་དངུལ་གྱི་ཐོག་ནས་ས་ཡ་ལྔ་གནང་ཡོད་པ་དེ།འདི་ནས་ཚུར་བཏང་མ་ཐུབ་པའི་དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་སྔོན་མ་ནས་བྱུང་ཚར་བ་རེད། འདི་བར་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཞིག་ཕ་གིའི་མ་རྩ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བསླངས་ཐུབ་པའི་དངུལ་ས་ཡ་ལྔ་དེ་ཕར་ནས་ཚུར་བཏང་ཐུབ་ཀྱི་མེད་པས།དེའི་ཐོག་སྐུ་ལས་ག་ཚོད་ཅིག་བསྐྱོན་ཡོད་མེད་དང་།འཛིན་སྐྱོང་གིས་དེ་ལ་ག་རེ་གནང་རྒྱུ་ཡིན་པ་ཁ་གསལ་བོ་ཞིག་དགོས་སྐོར་དྲི་བ་ཞུས་སོང་ལ། སྲིད་སྐྱོང་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས། འཛིན་སྐྱོང་གིས་ད་ལྟ་བང་སྒྲིག་བསྡད་པ་ནི་སྙན་ཐོའི་ནང་འཁོད་པ་གཞིར་བཟུང་། བརྒྱ་ཆ་དྲུག་ཅུ་རེ་གསུམ་དང་དེའི་ཐོག་བོད་མིའི་སྒྲིག་འཛུགས་བརྩིས་ན་བརྒྱ་ཆ་བརྒྱད་ཅུ་ཆགས་ཚར་བ་དང་།ད་ལྟ་བརྒྱ་ཆ་ཉི་ཤུ་མ་གཏོགས་བསྡད་ཀྱི་ཡིན་གསུང་གི་མེད་པར་འབ་སུ་མ་འདུས་པ་མཚམས་མ་ཆད་པར་ལྷག་བསྡད་པའི་ཉེན་ཁ་ཡོད་པས།ད་ལྟ་ང་ཚོས་ཕྱི་ལོ་ ༢༠༢༦ ལོར་སྒོ་རྒྱག་རྒྱུའི་བསམ་བློ་བཏང་བསྡད་ཡོད་ཅེས་གསལ་བཤད་གནང་གི་འདུག
གཞན་ཡང་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་ཐོག་སྲིད་སྐྱོང་སྒེར་གྱི་འདུན་པ་ཡོད་མེད་ཀྱི་སྐད་ཆ་གང་ཡང་མིན་པར།བོད་མིའི་སྒྲིག་འཛུགས་ཀྱིས་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་དེར་བལྟ་སྟངས་ཡོང་གི་རེད།གནས་སྟངས་ལ་ཞིབ་འཇུག་གིས་དེ་མ་འོངས་པར་ག་འདྲ་ཞིག་ཆགས་ས་རེད།མགོ་ལས་རྨ་ཆེ་བ་ཞིག་ཡོང་གི་རེད་དམ་མ་རེད་བལྟས་ཏེ་ང་ཚོས་མཐོང་ཚུལ་ཞུས་པ་རེད། གལ་སྲིད་དེ་མ་ཞུས་པར་རྗེས་མ་མགོ་ལས་རྨ་ཆེ་བ་ཞིག་བཟོས་པ་ཡིན་ན། སྐབས་དེ་དུས་བཀའ་ཤག་གིས་ཅིའི་ཕྱིར་འགན་མ་ཁུར་བ་རེད་ཅེས་པའི་སྐད་ཆ་ཡོང་ངེས་ཡིན་པར་བརྟེན།འདུན་པ་ཡོད་མེད་མིན་པར་དངོས་ཡོད་གནས་སྟངས་ཀྱི་ཐོག་ཁུངས་འཁྱོལ་བ་ཞིག་ཡིན་དང་མིན་བསམ་བློ་གཏོང་དགོས་པ་འགྲེལ་བརྗོད་གནང་གི་འདུག་ལ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་བཟང་དུ་བཏང་སྟེ། རང་ཁ་རང་གསོ་ཐུབ་སླད་དངུལ་ཁང་ལྟ་བུའི་ཁེ་ཡོད་དཔལ་འབྱོར་སྡེ་ཚན་ནམ་སྒྲིག་འཛུགས་ཤིག་དཔལ་འབྱོར་ལས་ཁུངས་ཀྱིས་འགན་བཞེས་ཆེད་འཛུགས་གནང་བ་ཞིག་ཡིན་ནའང་། བར་ལམ་དེའི་ཁེ་ཉེན་གྱི་གནས་སྟངས་རྟོག་ཞིབ་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༢ ལོའི་ཟླ་༦ པའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙུགས་ཏེ། སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ ༤ པའི་གོང་ཚོགས་དྲུང་ལ་ཕུལ་བ་དང་མཚུངས། ཕྱི་ལོ་ ༢༠༢༣ ལོར་ཡང་སྤྱི་འཐུས་ལྷན་ཚོགས་ནས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་སུ། སྤྱི་འཐུས་གསུམ་དང་འཛིན་སྐྱོང་གི་ལས་བྱེད་གཉིས་བཅས་ཀྱི་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་སྙན་གསེང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།