རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་བ་ཨ་རིའི་ཕོ་བྲང་དཀར་པོ་ནས་འབོད་སྐུལ།

2020-06-05
གློག་འཕྲིན།
མཆན།
Share
པར་བཀོད།
པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་མ་བྱུང་གོང་ལས་འགུལ་སྐབས། ༡༩༨༩།༥
པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་མ་བྱུང་གོང་ལས་འགུལ་སྐབས། ༡༩༨༩།༥
པར་རྙིང་།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དམངས་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དུས་དྲན་དང་བསྟུན་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ་ནས་འབོད་སྐུལ་གནང་འདུག
ཨ་རིའི་སྲིད་འཛིན་ལས་ཁང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དེ་བྱུང་ནས་ལོ་ངོ་༣༡་འཁོར་བའི་དུས་དྲན་ཉིན་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་བ་དང་། ཧོང་ཀོང་གི་གནས་བབས་ཐད་དབྱིན་ཇི་དང་རྒྱ་ནག་དབར་གྱི་མཉམ་འབྲེལ་གསལ་བསྒྲགས་ཁས་ལེན་ལག་བསྟར་བྱ་དགོས་པའི་སྐུལ་མ་གནང་ཡོད་པ་མ་ཟད། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་རྡུང་རྡེག་གཏོང་རྒྱུ་མཚམས་འཇོག་ཁས་ལེན་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ནས། རྒྱ་ནག་དམར་ཤོག་ཚོགས་པས་ལག་ཏུ་མཚོན་ཆ་གང་ཡང་མེད་པའི་མི་དམངས་ཀྱི་ཐོག་དྲག་གནོན་བྱས་བའི་ལོ་རྒྱུས་དེ་ནི་བརྗེད་ཐབས་མེད་པ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ས་རྟགས་བཀོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་དང་། རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པ་བཞིན། རྒྱ་ནག་གི་སྤྱི་འབངས་ཚོའི་རང་དབང་ལ་སྲུང་བརྩི་ཞུ་དགོས་པའི་ནན་སྐུལ་བྱས་འདུག
དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཀྱང་ཕྱི་ཚེས་༣་ཉིན་གསལ་བསྒྲགས་སྤེལ་ནས། དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་གནང་ཡོད་པ་དང་། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྐབས་དྲག་གནོན་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་གར་སོང་ཆ་མེད་དུ་གྱུར་བ་ཚོར་རྒྱ་ནག་གཞུང་གིས་ཡོངས་གྲགས་ཀྱི་དག་སེལ་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། ཕྱོགས་མཚུངས་ཨ་རིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རེ་འདོད་བྱེད་མཁན་གྱི་རྒྱ་ནག་མི་དམངས་ཚོར་གདུང་སེམས་མཉམ་སྐྱེས་གནང་གི་ཡོད་སོགས་བཀོད་ཡོད་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་དང་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་དང་ཤར་ཏུར་ཀི་སུ་ཐན་ནང་གི་ཆོས་དད་རང་དབང་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་ཡང་ཡང་བྱེད་བཞིན་པ་དང་། ཕྱི་ལོ་ ༢༠༡༩ ་དང་ ༢༠༢༠ འི་ནང་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་རིམ་པ་བཞག་ཡོད། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྤྱི་ཁྱབ་ལ་སོགས་པ་དབུ་ཁྲིད་རྣམ་པས་བོད་ནང་རྒྱ་ནག་གཞུང་གིས་བོད་མའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོགས་དགོས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད་པར་མ་ཟད། ཡང་ནས་ཡང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་པའི་ཐོབ་ཐང་བོད་མི་རིགས་ཁོ་ནར་ཡོད་པ་ལས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པར་མེད་པའི་ཡོངས་ཁྱབ་བསྒྲགས་གཏམ་དང་གཏམ་བཤད་གནང་ཡོད་ལ། གྲོས་ཚོགས་འོག་མས་གཏན་འབེབས་ཟིན་ཞིང་། གྲོས་ཚོགས་གོང་མའི་ནང་ཡང་མགྱོགས་མྱུར་གཏན་འབེབས་འབྱུང་རྒྱུའི་རེ་བ་བྱེད་བཞིན་པའི་བོད་དོན་རྒྱབ་སྐྱོར་དང་སྲིད་ཇུས་ཁྲིམས་འཆར་ ༢༠༢༠འི་ནང་ཡང་གནད་དོན་འདི་གསལ་པོར་བཀོད་ཡོད་པ་རེད།
ཕྱི་ལོ་༡༩༨༩་ལོའི་ཟླ་དྲུག་པའི་ཚེས་༣་ཀྱི་མཚན་མོ་དང་ཚེས་༤འི་ཐོ་རེངས་ཙམ་བར། རྒྱ་ནག་གི་དྲག་པོའི་དམག་དཔུང་གིས་སྐབས་དེའི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་ཚོའི་ཐོག་དྲག་གནོན་བྱས་ནས་རྒྱ་ནག་མི་དམངས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། དོན་རྐྱེན་དེ་བྱུང་ནས་ད་ལོ་ལོ་ངོ་༣༡་འདས་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་ལྟ་ཡང་དོན་རྐྱེན་དེའི་དངོས་ཡོད་གནས་སྟངས་ཁ གསལ་མི་བཟོ་བ་དང་། ཚེ་སྲོག་ཤོར་བའི་མིའི་གྲངས་འབོར་ཁ་གསལ་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།