རྒྱ་ནག་གིས་བོད་ཀྱི་འབྲོག་སྡེ་མང་པོ་གྲོང་སྡེ་ཅན་ལ་བསྒྱུར་ཟིན་འདུག

རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་ནང་འབྲོག་སྡེ་གྲོང་ཁྱེར་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ནས་འདས་པའི་ལོ་བཅུའི་ནང་བོད་ཀྱི་འབྲོག་སྡེའི་བརྒྱ་ཆ་༤༠་ནས་༥༠་གྲོང་སྡེ་ཅན་དུ་བསྒྱུར་ཡོད་འདུག
དེ་ཡང་ཨེ་ཕི་པི་གསར་འགོད་པས་བོད་རིགས་གནས་སྡོད་མང་པོ་བྱེད་སའི་མཚོ་སྔོན་ས་ཁུལ་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་འབྲོག་ཁུལ་དུ་ད་ལྟ་ཡིན་ན་ཡང་བོད་མི་རྣམས་ཀྱིས་གནའ་བོ་ནས་དར་བའི་སྲོལ་རྒྱུན་འབྲོག་ལས་བྱས་ནས་འཚོ་བ་བསྐྱེལ་བཞིན་པ་མཐོང་རྒྱུ་ཡོད་ཀྱང་། རིམ་པས་བོད་ཀྱི་འབྲོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་གསལ་པོ་ཡོད་པ་ཤེས་རྟོགས་བྱུང་འདུག
སྤྱི་ལོ་༢༠༠༠་ནས་བོད་ཀྱི་འབྲོག་ཁུལ་ནས་གནས་སྤོས་ཀྱི་རྐྱེན་པས་འབྲོག་པ་ཉུང་དུ་ཕྱིན་པ་དང་། ལྷག་དུ་རྒྱ་ནག་གིས་འབྲོག་ཁུལ་དུ་གུང་ཁྲན་ཚོགས་མི་ལས་བྱེད་རུ་ཁག་ཆེད་བཙུགས་བྱས་ནས། རྒྱ་ནག་གིས་འབྲོག་སྡེ་གྲོང་སྡེ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་དེ་ལག་ལེན་བསྟར་བཅུག་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་འདུག ལས་བྱེད་རུ་ཁག་གི་བོད་རིགས་ཚོགས་མི་ཞིག་གིས། འདས་པའི་ལོ་ངོ་བཅུའི་ནང་མཚོ་སྔོན་ཁུལ་གྱི་འབྲོག་པ་བརྒྱ་ཆ་༤༠་ནས་༥༠་ཙམ་གྲོང་སྡེ་ཅན་དུ་བསྒྱུར་ཟིན་པའི་སྐོར་ངོ་སྤྲོད་བྱས་འདུག
རྒྱ་ནག་གིས་བོད་ཀྱི་འབྲོག་ཁུལ་གྲོང་སྡེ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ཀྱི་ཤུགས་རྐྱེན་འོག་བོད་མིའི་ནོར་ཕྱུགས་སེམས་ཅན་གྱི་རྩ་ས་ཉུང་དུ་ཕྱིན་པ་དང་། བོད་མི་རྣམས་གྲོང་སྡེ་ནས་འཚོ་གནས་མི་ཐུབ་པ་སོགས་དཀའ་ངལ་གསར་པ་བཟོས་ཡོད་པ་དང་། བོད་མི་རྣམས་ཀྱིས་ཀྱང་རྒྱ་གཞུང་གིས་སྲིད་བྱུས་དེར་ངོ་རྒོལ་བྱས་ཡོད་པ་མ་ཟད་ རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཀྱང་རྒྱ་ནག་གི་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།