འཇར་མན་དང་ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་དོན་རྒྱུས་ལོན་ཆེད་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་གནང་འདུག

2023.10.06
འཇར་མན་དང་ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་དོན་རྒྱུས་ལོན་ཆེད་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་གནང་འདུག འཇར་མན་དང་ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྡ་རམ་ས་ལ་ནས་གསར་འགོད་གསལ་བསྒྲགས་སྐབས། ༡༠།༠༦།༢༠༢༣
བསྟན་འཛིན་འོད་ཟེར། /RFA Dhasa

འཇར་མན་དང་ཨའོསི་ཊིརི་ཡའི་(Austria)་གྲོས་ཚོགས་འཐུས་མི་དྲུག་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་ཕེབས་ཏེ། བོད་མིའི་རང་དབང་འཐབ་རྩོད་དང་ཆོས་རིག་སྐད་ཡིག་སྲུང་སྐྱོབ། བཙན་བྱོལ་བོད་མིའི་མང་གཙོ་དང་ཤེས་ཡོན། སྤྱི་ཚོགས་ཀྱི་སྒྲོམ་གཞི་བཅས་ལ་རྒྱུས་ལོན་ཤེས་རྟོགས་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སོགས་ལ་མཇལ་འཕྲད་འགྲུབ་པའི་རྗེས། སྤྱི་ཟླ་༡༠པའི་ཚེས་༦ཉིན་བོད་མིའི་སྒྲིག་འཛུགས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་སྐབས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པའི་ཐད། ཡོ་རོབ་མཐུན་ཚོགས་ཀྱིས་མཉམ་རུབ་ཀྱི་སྲིད་ཇུས་ཤིག་འཛིན་ཆེད། ཁོང་ཚོས་འབད་བརྩོན་བྱེད་གལ་ཆེན་པོར་མཐོང་གི་ཡོད་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཅེས། འཇར་མན་གྱི་གྲོས་ཚོགས་འཐུས་མི་(Sandra Weeser)་ལགས་ནས་འགྲེལ་བརྗོད་གནང་སོང་། ཁོང་གིས། ང་ཚོ་ཉིན་གྲངས་གཉིས་རིང་འདི་གར་དོ་གལ་ཆེན་པོའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་གནམ་གཤིས་འགྱུར་ལྡོག ཆུ་དཀོན་པོ་ཆགས་པ་སོགས་ཁོར་ཡུག་གི་གནས་སྟངས་ཐད་བཅས་གྲོས་བསྡུར་བྱུང་བ་དེ། དོ་ནན་གྱི་ཐོག་ནས་བཤད་དགོས་པ་ཞིག་དང་ཡོ་རོབ་མཐུན་ཚོགས་ཀྱིས་མཉམ་རུབ་ཀྱི་ངོས་འཛིན་སྲིད་ཇུས་ཤིག་འཛིན་ཆེད། ང་ཚོ་ཕྱིར་ལོག་རྗེས་འབད་བརྩོན་བྱ་གལ་ཆེན་པོ་མཐོང་གི་ཡོད་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཅེས་འགྲེལ་བརྗོད་གནང་གི་འདུག

EU Parliamentarians Meet Sikyong (1).jpeg
གཞན་ཡང་ཨའོསི་ཊིརི་ཡའི་གྲོས་ཚོགས་ཚོགས་འཐུས་མི་(Yannick Shetty)་ལགས་ཀྱིས། སྐད་ཆ་དྲང་མོ་བཤད་ན་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ནི་རྩལ་དུ་འདོན་དགོས་པའི་གནད་དོན་ཚབས་ཆེ་ཤོས་གཙོ་བོ་ཡིན་པ་དང་། བོད་ཀྱི་གནད་དོན་ནི་རྒྱ་ནག་ཉེན་ཚབས་ཆེན་པོ་ཡིན་པའི་དཔེ་མཚོན་མངོན་གསལ་ཅན་ཞིག་ཡིན་པས། ཡོ་རོབ་ཀྱི་སྲིད་དོན་ནང་བོད་དོན་གྲོས་བསྡུར་ཤུགས་ཆེ་འགྲོ་དགོས་ངེས་ཅན་ཆགས་ཡོད་པའི་ཁར། ཆབ་སྲིད་ཚོགས་པ་སུ་ཡིན་ལ་མ་ལྟོས་པར་ང་ཚོའི་ཕྱག་རོགས་ཕལ་ཆེ་བས་༧གོང་ས་མཆོག་དང་བོད་ཙམ་ཤེས་ཀྱི་ཡོད་ནའང་། བོད་ཀྱི་དཀའ་རྙོག་དང་བོད་ནང་གི་གནས་སྟངས་ངོ་མ་ཤེས་མཁན་ཧ་ཅང་ཉུང་བར་བརྟེན། ཕྱག་རོགས་གྲོས་ཚོགས་འཐུས་མི་སོགས་ཀྱི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་གལ་ཆེན་དུ་མཐོང་བ་འགྲེལ་བརྗོད་གནང་སོང་།]

EU Parliamentarians Meet Sikyong (1).jpg
གཞན་ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་(Dolores Bakos)་ལགས་ནས་མོ་རང་ལོ་ཆུང་བྱིས་པའི་གནས་སྐབས་སུ། ནམ་རྒྱུན་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ལ་བལྟ་རྒྱུར་དགའ་ཡོད་ཅིང་། དེའི་ནང་བོད་ཀྱི་སྐོར་ལའང་མང་པོ་མཐོང་རྒྱུ་ཡོད་ནའང་། སྟབས་མ་ལེགས་པ་ཞིག་ལ་ད་ལྟ་ཡོ་རོབ་དང་ནུབ་ཕྱོགས་སྤྱི་ཚོགས་ནང་བོད་ཀྱི་སྐོར་གོ་ཐོས་ཧ་ཅང་ཉུང་བར་བརྟེན། ང་ཚོ་འདི་གར་ཡོང་དོན་ནི་བོད་ཀྱི་ལོ་རྒྱུས་དང་བོད་མིའི་སྡུག་བསྔལ། བོད་ཀྱི་རིག་གཞུང་དང་ཤེས་ཡོན། བོད་དོན་འཐབ་རྩོད་སོགས་མང་པོ་ཞིག་སློབ་སྦྱོང་རྒྱུས་ལོན་གྱི་ཆེད་དུ་ཡོང་བ་ཡིན་པས། ང་ཚོས་བོད་སྐོར་གྱི་ཤེས་བྱ་ཤིན་ཏུ་མང་པོ་ཤེས་རྟོགས་ཀྱིས་ཕྱིར་ལོག་བྱ་རྒྱུ་ཡིན་པ་དེ་ཧ་ཅང་རྩ་ཆེན་པོ་དང་སེམས་འགུལ་ཐེབས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་།

EU Parliamentarians Meet Sikyong (3).jpg
འཇར་མན་དང་ཨའོསི་ཊིརི་ཡའི་གྲོས་ཚོགས་འཐུས་མི་དྲུག་པོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་བཅས་སུའང་མཇལ་འཕྲད་གནང་ཡོད་པའི་ཁར། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་ཤེས་ཡོན་སྡེ་ཁག་གང་ས་ལ་གཟིགས་ཞིབ་གནང་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཐོག་ཡོད་པ་དང་། ལྷག་པར་དུ་བོད་ནང་བོད་ཀྱི་ཆོས་དང་། སྐད་ཡིག་རིག་གཞུང་དང་བཅས་པ་གནས་ཐུབ་མིན་གྱི་མཚམས་ལ་སླེབས་ཡོད་པའི་སྐོར། ཡོ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་ཐེངས་ཁ་ཤས་བཞག་ཡོད་པ་ལྟར། སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས་དང་། རྒྱལ་ཁབ་ཀྱི་ཕྱི་སྲིད་ཐོག་བོད་ཀྱི་གནས་སྟངས་སླེབས་ཐུབ་དགོས་པ། རྒྱ་ནག་དང་མཉམ་དུ་འབྲེལ་བ་གནང་དུས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎