ལྷ་ས་གྲོང་ཁྱེར་གྱི་རྒྱ་ནག་གི་ཁྲིམས་ཁང་ནས་གྱོད་དོན་བདག་སྤྲོད་བྱེད་ཚད་འཕར་ཡོད་འདུག

2021.01.15
ལྷ་ས་གྲོང་ཁྱེར་གྱི་རྒྱ་ནག་གི་ཁྲིམས་ཁང་ནས་གྱོད་དོན་བདག་སྤྲོད་བྱེད་ཚད་འཕར་ཡོད་འདུག ལྷ་སའི་བར་སྐོར་གླིང་། ༢༠༢༠
བོད་འབྱོར།

འདས་མ་ཐག་པའི་སྤྱི་ལོ་༢༠༢༠ལོར་ལྷ་ས་གྲོང་ཁྱེར་གྱི་རྒྱ་ནག་གི་ཁྲིམས་ཁང་ནས་གྱོད་དོན་བདག་སྤྲོད་བྱེད་ཚད་འཕར་ཡོད་འདུག
ལྷ་ས་གྲོང་ཁྱེར་རྒྱ་ནག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདས་བའི་སྤྱི་ལོ་༢༠༢༠ ལོར་ལྷ་ས་གྲོང་ཁྱེར་ནང་། ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་ནག་ཉེས་ལ་རྡུང་རྡེག་ཤུགས་ཆེ་བཏང་ལུགས་རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོའི་བོད་ལྗོངས་ཟེར་བའི་དྲ་བར་ཟླ་༡ ཚེས་༡༧ ཉིན་གནས་ཚུལ་བཀོད་སྤེལ་བྱས་འདུག་ཅིང་། དེའི་ནང་། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་གནས་གང་སར་སྐོར་བསྐྱོད་ཀྱིས་རིམས་ནད་འགོག་སྲུང་གི་བྱེད་ཐབས་ལ་དམིགས་ནས་གཞུང་དོན་སྒྲུབ་པར་གནོད་རྐྱེན་བཟོ་བའི་ནག་ཉེས་གྱོད་གཞི་འདྲི་རྩད་ཐག་གཅོད་བྱས་འདུག་པ་དང་། ལྗོངས་ཡོངས་ཀྱི་ཤེས་རབ་ཁྲིམས་ཁང་ཟེར་བ་བཙུགས་པ་དེར་གྲུབ་འབྲས་འཁོར་སྐྱོད་བྱས་འདུག
གནས་ཚུལ་ནང་བཀོད་པ་ལྟར་ན། རྒྱང་རིང་དང་ཁོངས་བརྒལ་གྱིས་གྱོད་དོན་༡༤༢ ཐོ་འགོད་བྱས་འདུག་ཅིང་། ཡང་དྲ་ལམ་ཁྲིམས་རྭ་ནས་གྱོད་དོན་༦༦༥འདྲི་གཅོད་བྱས་འདུག
ཉེ་ཆར་ཕྱི་ཟླ་༡ཚེས་༡༢ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དྲུག་པ་དེ་ཚོགས་པའི་སྐབས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་ཁྲིད་གཙོ་བོ་ལི་ཧྲི་རོང་གིས་ལས་དོན་སྙན་ཞུ་བྱེད་སྐབས། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་དོན་༢༠༣༧༡ (ཉི་ཁྲི་སྟོང་མེད་གསུམ་བརྒྱ་བདུན་བཅུ་དོན་གཅིག) བདག་སྤྲོད་བྱས་ལུགས་དང་། དེ་ནི་སྔ་ལོ་དང་བསྡུར་ན་བརྒྱ་ཆ་༡༦་༧༡འཕར་ཡོད་པ་བརྗོད་འདུག་ཅིང་། ཡང་གྱོད་དོན་རིགས་༡༧༥༨༢ (ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་བརྒྱད་ཅུ་གྱ་གཉིས་)ལ་འདྲི་རྩད་ཐག་གཅོད་བྱས་འདུག་པ་དེ་ནི་ཐག་གཅོད་བྱེད་ཚད་བརྒྱ་ཆ་༨༦་༣༡ ཟིན་གྱི་ཡོད་པ་བརྗོད་འདུག
དེ་ཡང་གཙོ་བོ་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་འགག་སྒྲོལ་གྱི་དམག་ཐབས་ཆེན་པོ་གསུམ་ཟེར་བར་རྒྱལ་ཁ་ཐོབ་ཆེད། ༢༠༢༠ལོར་ལྷ་ས་གྲོང་ཁྱེར་གྱིས་དངུལ་རྩའི་གྱོད་གཞི་ ༢༢༧དང་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་རྩོད་གཞི་༡༤༡༥ ཐོག་ཞིབ་གཅོད་དང་མཇུག་སྒྲིལ་བྱས་ལུགས་བརྗོད་འདུག
འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་འགོག་ཐབས་ཐད་ལས་འགུལ་ཤུགས་ཆེ་སྤེལ་ཞིང་། ལྷག་པར་དུ་འདས་པའི་ལོ་ཤས་ནས་བཟུང་རྒྱ་གར་ནང་ཡོད་པའི་ནང་མི་ཉེ་འབྲེལ་དང་། བསྔོ་རྟེན། སོ་སོའི་བུ་ཕྲུག་ཚོའི་ཆེད་དངུལ་གཏོང་རྒྱུར་ཧ་ཅང་གི་དམ་བསྒྲགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད།
རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་ཀོའི་བོད་ལྗོངས་ཟེར་བའི་དྲ་ཚིགས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ༢༠༢༠ལོའི་ནང་ལྷ་ས་གྲོང་ཁྱེར་གྱིས་འདྲི་རྩད་རིམ་པ་དང་པོ་དང་གཉིས་པ་བྱས་པ་བརྒྱུད་ཉེས་དོན་གྱོད་གཞི་༦༣༡ བྱུང་བའི་ཁོངས་ནས་མི་སྣ་ ༩༥ ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་བསགས་ཡོད་ལུགས་བཀོད་འདུག
ད་ལྟའི་དུས་ཚོད་འདིར་བོད་ནང་ལས་ཁུངས་ཁག་གི་ཚོགས་འདུ་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་སྐོང་ཚོགས་བྱེད་བཞིན་པའི་སྐབས་ཡིན་ཞིང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ལས་དོན་སྙན་ཞུ་ཟེར་བའི་ཚོགས་འདུ་འདི་དག་ནི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྔོན་འགྲོ་ཚོགས་འདུ་ཁག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎