ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་འདུག

2022.05.27
Share on WhatsApp
Share on WhatsApp
ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་འདུག ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་སྐབས། ༠༥།༢༥།༢༠༢༢
tibet.net

དེ་ཡང་ཕྱི་ཚེས་༢༥ཉིན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)་རྣམ་གཉིས་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་དུ་མཇལ་འཕྲད་གནང་ནས་ཆུ་ཚོད་ཕྱེད་ཀའི་རིང་མཇལ་མོལ་གནང་ཡོད་པ་རེད། དེའི་ཐད་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་དུ་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་དང་མཇལ་མོལ་སྐབས། བོད་དང་རྒྱལ་སྤྱིའི་གནད་དོན་གལ་ཆེའི་སྐོར་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ཧ་ཅང་ལེགས་པར་བཞུགས་ཡོད་པའི་གནས་ཚུལ་ཞུས་སྐབས། བློན་ཆེན་མཆོག་གིས་དེ་ནི་གཏམ་བཟང་ཞིག་ཡིན་པ་དང་། ཐེ་ཝན་གཞུང་དང་མི་མང་ནས་༧གོང་ས་མཆོག་ལ་དམིགས་བསལ་གྱི་གུས་ཞབས་དང་ཆེ་མཐོང་། དད་མོས་ཆེན་པོ་ཡོད་སྟབས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རོགས་ཞེས་གསུངས་ཡོད་འདུག
དེ་བཞིན་ཁོང་གིས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་ཐེ་ཝན་གཞུང་ཕྱོགས་ནས་བཙན་བྱོལ་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་ཐོག་ཐོངས་མཆན་གནང་ཕྱོགས་སྐོར་དང་། བཙན་བྱོལ་བོད་མི་རྣམས་ལ་ལག་ཤེས་སྦྱོང་བརྡར་གནང་ཕྱོགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་ཐེ་ཝན་གཞུང་གི་ངོས་ནས་གདན་ཞུ་འབུལ་དགོས་པའི་སྐོར་སོགས་གླེང་ཡོད་པ་གསུངས་བྱུང་།
གཞན་ཕྱི་ཚེས་༢༤ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཐེ་ཝན་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་གདན་ཞུ་གནང་བ་ལྟར། གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཕྲུག་དྲུག་ཅུ་ལྷག་ལ་བོད་ཀྱི་ད་ལྟ་དང་། འདས་བ། མ་འོངས་བའི་གནས་བབ་སྐོར་གཏམ་བཤད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།