རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་མདུན་དུ་བོད་ནང་གི་བུད་མེད་ཚོའི་གནས་སྟངས་གླེང་འདུག

དེ་ཡང་སུད་སིའི་གྲོང་ཁྱེར་འཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༣འཚོགས་བཞིན་པ་དང་སྟབས་བསྟུན། འདི་ཚེས་༢༢ཉིན་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་མདུན་དུ་བོད་མིའི་སྐུ་ཚབ་ཀྱིས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་དང་དཀའ་ངལ་སྐོར་གླེང་སློང་དང་ངོ་སྤྲོད་གནང་ཡོད་པ་དང་།
སྐབས་དེར་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཆེད་ཞུ་གཏུག་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་དབྱེ་འབྱེད་རང་བཞིན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ནས་བོད་ནང་གི་བུད་མེད་རྣམས་ཀྱི་དཀའ་སྡུག་གསལ་སྟོན་དང་འབྲེལ། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་བོད་ཀྱི་བུད་མེད་དང་བཙུན་མ་མང་པོ་མདུན་ཐོན་གྱིས་ལས་འགུལ་སྣེ་ཁྲིད་ཡོད་ཅིང་། བོད་ནང་གི་ཡ་ཆེན་སྒར་དང་བླ་རུང་སྒར་གཉིས་ཀྱི་གྲྭ་ཤག་མང་པོ་གཏོར་བཤིག་བཏང་རྗེས་དགོན་པའི་གྲྭ་བཙུན་མང་པོ་ཕྱིར་ཕུད་བཏང་བའི་གནས་སྟངས་དང་། ད་ལྟ་གང་དུ་ཡོད་མེད་སོགས་ཆ་རྒྱུས་མེད་པར་གྱུར་ཡོད་པ་མ་ཟད། བོད་མི་རང་དབང་འཐབ་རྩོད་པ་ཡེ་ཤེས་ཆོས་སྒྲོན་ལགས་དང་། མགོན་པོ་སྐྱིད་ལགས། རིན་ཆེན་སྐྱིད་ལགས་སོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དགོངས་དོན་དང་མཐུན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དགོས་བའི་ཞུ་འབོད་གནང་བར་རྒྱ་གཞུང་ནས་དྲག་གནོན་བཏང་དང་གཏོང་བཞིན་པའི་གནས་སྟངས་གླེང་སློང་དང་ངོ་སཔaaརོད་གནང་ཡོད་པ་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
ཚེས་༢༡ཉིན་རྒྱལ་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་འདས་བའི་མི་ལོ་༧༥དང་བོད་ནང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཟུར་ཚོགས་ཤིག་ཚོགས་གནང་བ་དང་། སྐབས་དེར་བོད་མིའི་སྐུ་ཚབ་ཚོས་བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། ལྷག་དོན་ཁོང་རང་ཉིད་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་གི་མནར་གཅོད་མྱངས་བའི་དངོས་བྱུང་གནས་ཚུལ་ཁག་སྙན་སེང་ཞུས་ཡོད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༥༣པ་དེ་བཞིན་ཟླ་བ་འདིའི་ཚེས་༡༩ནས་ཟླ་༧པའི་ཚེས་༡༤བར་འཚོགས་ཀྱི་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།