མཐོ་སྒང་བོད་ཀྱི་གཏེར་ཆུ་རྒྱལ་སྤྱིའི་ཚོང་རར་བཙོང་རྒྱུའི་མོས་མཐུན་བྱུང་ཟེར།
2017.07.26
དབྱིན་ཡུལ་བྱང་ནུབ་ཁུལ་དུ་ཡོད་པའི་(Liverpool)་གྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་(Liverpool FC)་ཞེས་པའི་རྐང་རྩེད་པོ་ལོའི་ཚོགས་པ་དང་། བོད་ཀྱི་གཏེར་ཆུའི་ཐོན་ཁུངས་ལས་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས་བོད་ཀྱི་རང་བྱུང་གཏེར་ཆུ་རྒྱལ་སྤྱིའི་ཁྲོམ་རའི་ནང་ཚོང་རྒྱུའི་མཉམ་འབྲེལ་ཚོང་ལས་བྱ་རྒྱུར་ཕྱོགས་གཉིས་དབར་མོས་མཐུན་བྱུང་ཡོད་ལུགས་(Liverpool FC)་ཞེས་པའི་རྐང་རྩེད་པོ་ལོའི་ཚོགས་པས་གསལ་བསྒྲགས་བྱས་འདུག
དེ་ཡང་བོད་ཀྱི་ཆུའི་གནད་དོན་ནི་ཧ་ཅང་ཚོར་བ་ཆེ་བའི་གནད་དོན་ཞིག་ཡིན་པ་དང་། སྤྱིར་བཏང་རྒྱ་ནག་གཞུང་གི་བཀའ་ཁྲོལ་འོག་རྒྱ་ནག་གི་ཁེ་གཉེར་ལས་ཁང་མང་པོས་ཚོང་གི་ཁེ་ཕན་ཆེད་བོད་ཀྱི་རང་བྱུང་ཆུ་གང་བྱུང་བཀོལ་སྤྱོད་ཤུགས་ཆེ་བྱེད་བཞིན་པ་རེད། འོན་ཀྱང་རྒྱ་ནག་གི་དྲ་རྒྱ་ཁག་ནང་བོད་ཀྱི་ཆུའི་ཐོན་ཁུངས་ལས་ཁང་ཁག་གི་འཛིན་སྐྱོང་བྱེད་མཁན་ཁོངས་སུ་བོད་མི་གཅིག་གི་མིང་ཡང་བྲིས་མེད་པ་རེད་ཅེས་དབྱིན་ལན་བོད་དོན་རྒྱབ་སྐྱོར་ཚོགས་པས་སྐྱོན་བརྗོད་བྱས་འདུག
དབྱིན་ཇིའི་(Liverpool FC)་ཞེས་པའི་རྐང་རྩེད་པོ་ལོའི་ཚོགས་པ་དང་། བོད་ཀྱི་ཆུའི་ཐོན་ཁུངས་ལས་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས། བོད་ཀྱི་རང་བྱུང་གཏེར་ཆུ་རྒྱལ་སྤྱིའི་ཁྲོམ་རའི་ནང་ཚོང་རྒྱུའི་མཉམ་འབྲེལ་ཚོང་ལས་བྱ་རྒྱུར་ཕྱོགས་གཉིས་དབར་མོས་མཐུན་བྱུང་བ་འདིའི་ཐད་བོད་ཀྱི་ཆུའི་ཐོན་ཁུངས་འཛིན་སྐྱོང་ལས་ཁང་གི་འགན་འཛིན་སུན་ནི་ཝང་ཟེར་བས་བཤད་དོན་ལ། འདི་ནི་བོད་ཀྱི་རང་བྱུང་ཆུའི་ཐོན་ཁུངས་ཐད་གལ་ཆེའི་ས་ཚིགས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ནང་ཧ་ཅང་སྐད་གྲགས་ཡོད་པ་དང་། རྒྱལ་སྤྱིའི་མི་མང་གི་ཧ་ཅང་དགའ་མོས་ཆེན་པོ་བྱེད་བཞིན་པའི་རྐང་རྩེད་པོ་ལོའི་རུ་ཁག་ཞིག་དང་ཚོང་འབྲེལ་བྱེད་ཐུབ་པ་དེར་སྤོབ་པ་ཆེན་པོ་ཡོད་ཞེས་བཤད་འདུག
དེ་བཞིན་(Liverpool)་རྐང་རྩེད་པོ་ལོའི་ཚོགས་པའི་ཚོང་ལས་ཁང་གི་འགོ་འཛིན་(Billy Hogan)་ཞུ་བས་ཀྱང་། བོད་ཀྱི་ཆུའི་ཐོན་ཁུངས་ལས་ཁང་དང་ལྷན་དུ་ཚོང་འབྲེལ་བྱ་རྒྱུ་བྱུང་བ་དེར་སྤོབ་པ་ཆེན་པོའི་ངང་ནས་དགའ་བསུ་ཞུ་གི་ཡོད་ང་ཚོར་ཨེ་ཤེ་ཡའི་ནང་དགའ་མོས་ཆེན་པོ་བྱེད་མཁན་ལྟད་མོ་བ་ཧ་ཅང་མང་པོ་ཡོད། བདུན་ཕྲག་སྔོན་མ་ཧོང་ཀོང་ནང་རྐང་རྩེད་པོ་ལོའི་འགྲན་བསྡུར་ཁག་གཉིས་ལ་ལག་ཁྱེར་གཅིག་ཀྱང་མ་ལུས་པར་ཚང་མ་ཚོང་ཐུབ་པ་བྱུང་ཡོད་པ་རེད་ཅེས་བཤད་འདུག
བོད་ཀྱི་རང་བྱུང་གཏེར་ཆུ་འགྱིག་དམ་ནང་བླུག་ནས་ཚོང་རྒྱུའི་ཆུ་ནི་འཕྲོད་བསྟེན་ལ་ཕན་ཐོག་ཆེན་པོ་ཡོད་པ་ཡིན་པ་དང་། དེ་སྔ་ཡང་བོད་ནས་ཐོན་པའི་འཐུང་ཆུར་འཐུང་ཆུ་ཡག་ཤོས་ཀྱི་བྱ་དགའ་མང་པོ་རག་པའི་གནས་ཚུལ་བྱུང་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།