ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནས་བོད་མི་བརྒྱ་བྱིན་ཟེར་བ་ཞིག་དང་གཞན་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག

2021-06-24
Share
ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནས་བོད་མི་བརྒྱ་བྱིན་ཟེར་བ་ཞིག་དང་གཞན་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག ནག་ཆུ་འབྲི་རུ་རྫོང་གི་ས་ཁྲ།
སྒྲིག་བཟོ།/RFA

རྒྱ་ནག་གི་དབང་འཛིན་པས་འདི་ལོ་ཕྱི་ཟླ་༤་ཙམ་གྱི་ནང་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག་ཀྱང་ཁོང་ཚོའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལུས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཙན་བྱོལ་ནང་ཡོད་པའི་བོད་མི་ཡར་དར་ཞུ་བ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་། ཙཱ་ལ་ཡུལ་ཚོ་མེ་རི་གྲོང་ཚོ་ནས་ཡིན་པ་བོད་མི་བརྒྱ་བྱིན་ཟེར་བ་ཞིག་དང་གཞན་བོད་མི་ཁག་ཅིག་འདི་ལོ་ཕྱི་ཟླ་༤་ནང་འཛིན་བཟུང་བྱས་འདུག
ད་དུང་གནས་ཚུལ་མཁོ་སྤྲོད་པ་དེས། རྒྱ་ནག་གཞུང་གིས་འབྲི་རུ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་བདེ་འཇགས་ཡོང་མིན་དང་འབྲེལ་བའི་གནད་འགག་ཅན་གྱི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན། འབྲི་རུའི་ས་ཁུལ་ནང་རྣམ་ཀུན་ནས་ས་གནས་གཞན་དང་མི་འདྲ་བར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་བྱུང་ལ། ལྷག་པར་དུ་ཁ་པར་ལ་སོགས་པ་འབྲེལ་མཐུད་འཕྲུལ་རིག་ཐོག་ཧ་ཅང་དོ་དམ་ཆེན་པོ་བྱེད་བཞིན་པའི་རྐྱེན་གྱིས་ཞིབ་ཕྲའི་གནས་ཚུལ་དུས་ཐོག་རྒྱུད་ལོན་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་། དེར་བརྟེན་ད་ལྟའི་སྐབས་ལོ་ན་ ༤༤ ཡིན་པ་བརྒྱ་བྱིན་ཟེར་བ་ཞིག་འཇུ་བཟུང་བྱས་ཡོད་པ་གཏན་འཁེལ་གྱིས་བརྗོད་ཐུབ་པ་ལས་བོད་མི་གཞན་དེ་དག་སུ་ཡིན་མིན་ཞིབ་བརྩད་མ་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་བརྒྱ་བྱིན་ལགས་ནི་བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པ་དང་།བོད་ཀྱི་སྐད་ཡིག་དང་རིག་གཞུང་།ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་སོགས་ཀྱི་ཐོག་ནམ་རྒྱུན་ནས་ཕྱག་ལས་དང་འབད་བརྩོན་བསླབ་བྱ་གནང་མཁན་ཞིག་ཡིན་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། །རྒྱ་ནག་གཞུང་གི་ལྟ་སྟངས་ལ་བོད་རང་སྐྱོང་ལྗོངས་ཡོངས་སུ་ཆབ་སྲིད་ཀྱི་བརྟན་བརླིང་བདེ་འཇགས་དགོས་ན་དམིགས་བསལ་ནག་ཆུ་ས་ཁུལ་དུ་བདེ་འཇགས་བཟོ་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། འདས་པའི་ལོ་ཤས་ནས་བོད་རང་སྐྱོང་ལྗོངས་ཁུལ་འཛིན་བཟུང་བཙན་ཁྲིད་དང་།ཆབ་སྲིད་བཙོན་པ་རྣམས་མནར་གཅོད་ཀྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་མང་དག་ཞིག་འབྲི་རུ་རྫོང་དང་སོག་རྫོང་བཅས་སུ་ཡོང་གི་ཡོད་པ་གསལ་བཏོན་ཐོག་གལ་ཆེའི་རང་བཞིན་གྱི་ཐོག་ནས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་ཆེད་མངགས་ས་གནས་དེ་ཚོའི་ནང་བསྐྱོད་པ་དང་། ས་གནས་དེ་ཁུལ་གྱི་མི་ཚོས་ཕྱི་ལ་འབྲེལ་བ་བྱས་ཡོད་ན་ཉེས་ཆད་ཆེན་པོ་བཏང་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱིས་ཡིག་ཐོག་ཚུན་ནས་གཏན་འབེབ་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

རིང་མིན་སྤྱི་ཟླ་༧པའི་ཚེས་༡ཉིན་ནས་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར་དུས་དྲན་བྱ་གཏན་འཁེལ་ཡོད་པས། དེ་ལ་ངོ་རྒོལ་ཡར་ལངས་ཡོང་རྒྱུར་དོགས་ཟོན་གྱིས། བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། འབྲི་རུ་རྫོང་ཁོངས་སུ་རྒྱལ་གཅེས་ཆོས་གཅེས་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་བ། བདེ་འཇགས་སྲུང་སྐྱོབ། རྒྱལ་ཁབ་ཡར་རྒྱས་དང་མི་རིགས་འཆམ་མཐུན་སོགས་ཀྱི་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེ་སྤེལ་ཏེ། འབྲི་རུ་རྫོང་གི་བོད་མི་ཚོར་སེམས་ཁམས་མི་སྐྱིད་པ་དང་འཚོ་བ་སྐྱེལ་མི་འཇུག་པའི་སུན་གཙེར་ཤུགས་ཆེ་བྱེད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་དེས་འགྲེལ་བརྗོད་གནང་བྱུང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།