བོད་ཀྱི་རིག་གཞུང་དང་ཁོར་ཡུག་དང་འབྲེལ་བའི་དུས་སྟོན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཅན་རྡི་གར་ནང་བོད་ཀྱི་རིག་གཞུང་དང་ཁོར་ཡུག་གནད་དོན་འབྲེལ་བའི་གོ་རྟོག་སྤེལ་བའི་དུས་སྟོན།

2011-02-10
Share

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཅན་རྡི་གར་ནང་བོད་ཀྱི་རིག་གཞུང་དང་ཁོར་ཡུག་གནད་དོན་འབྲེལ་བའི་གོ་རྟོག་སྤེལ་བའི་དུས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་དགུ་ཉིན་རྒྱ་གར་བྱང་ཕྱོགས་ཅན་རྡི་གྷར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་ལས་འགུལ་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་གནང་བའི་འོག་བོད་ཀྱི་ཆབ་སྲིད་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་གནད་དོན་དང་འབྲེལ་བའི་བོད་དོན་གོ་རྟོག་སྤེལ་ཐབས་སུ་དམིགས་ནས་ཉིན་གཅིག་རིང་གི་དུས་སྟོན་་གོ་སྒྲིག་ཞུས་པའི་ཐོག་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ས་གནས་ཚོགས་གཙོ་སྐུ་ཞབས་ཨར་ལྦིན་ཏ་ཁྲ་ཀུར་རྣམ་གཉིས་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་རེད། མཛད་སྒོའི་ངོ་སྤྲོད་གསུངས་བཤད་ནང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཁྱེན་རབས་ལགས་ནས་ད་རེས་དུས་སྟོན་འདི་གོ་སྒྲིག་ཞུ་དགོས་དོན་ནི་རྒྱ་གར་ཡུལ་མི་དང་། ལྷག་པར་དུ་སློབ་ཕྲུག་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་། ལག་རྩལ། སྨན་སྦྱོར་སོགས་ངོ་སྤྲོད་དང་དེ་བཞིན་ད་ལྟའི་བོད་ནང་གི་གནས་སྟངས་སོགས་གོ་རྟོག་སྤེལ་ཐབས་ཆེད་ཡིན་ཞེས་འགྲེལ་བརྗོད་གནང་འདུག

དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱ་རི་སྒྲོལ་མ་ལགས་ནས་ཀྱང་འདི་ལྟབུའི་དུས་སྟོན་བརྒྱུད་བོད་ནང་གི་ཁོར་ཡུག་སོགས་རྒྱ་ནག་གཞུང་གི་བྱ་སྤྱོད་འོག་ཉམ་རྒུད་འགྲོ་བའི་གནས་སྟངས་ངོ་སྤྲོད་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད་ཅེས་གསུངས་པ་དང་། ཡང་རྒྱ་གར་བའི་སྐུ་མགྲོན་ཁྲ་ཀུར་མཆོག་གིས། ཁོང་རང་ཉིད་ནས་བོད་ཀྱི་གནད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་ཞུ་གི་ཡོད་ལ་བོད་མི་རང་ངོས་ནས་ཀྱང་སོ་སོའི་འཐབ་རྩོད་དེ་མུ་མཐུད་ནས་ཆོད་སེམས་བརྟན་པོའི་ཐོག་ནས་རྩོད་ལེན་བྱེད་དགོས་པ་མ་ཟད་རྒྱ་གར་ནང་ལའང་ཐོབ་ཐང་གང་ཡོད་པ་རྣམས་ཀྱང་ཤེས་རྟོག་ཐུབ་པ་དགོས་རྒྱུ་ཞེས་གསུངས་ཡོད་པ་རེད། ཡང་དུས་སྟོན་དེའི་ཐོག་བཙན་བྱོལ་བོད་གཞུང་ཁོར་ཡུག་སྡེ་ཚན་དང་དབུས་གཞོན་ནུའི་དྲུང་ཆེ་བཅས་ནས་ཀྱང་བོད་ནང་གི་ཁོར་ཡུག་དང་། རྒྱལ་རབས་ལོ་རྒྱུས་སོགས་ཀྱི་ངོ་སྤྲོད་གནང་བ། དེ་བཞིན་བོད་པའི་གཞས་སྣ་འགྲེམས་སྟོན་སོགས་ཀྱི་ལམ་ནས་ཉིན་གཅིག་རིང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།