དགེ་རྒན་མགོན་ཚེ་ལགས་ནས་ལྷ་སའི་མི་མང་གི་ཏོག་དབྱིབས་རིམས་ནད་སྐབས་ཀྱི་དཀའ་སྡུག་བརྒྱུད་སྤེལ་བྱས་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

2022.09.26
Share on WhatsApp
Share on WhatsApp
དགེ་རྒན་མགོན་ཚེ་ལགས་ནས་ལྷ་སའི་མི་མང་གི་ཏོག་དབྱིབས་རིམས་ནད་སྐབས་ཀྱི་དཀའ་སྡུག་བརྒྱུད་སྤེལ་བྱས་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁྱུང་མཆུ་རྫོང་གི་པར་རིས། ཟླ་ཚེས་མི་གསལ།
Social media

ཕྱི་ཟླ་༨ཚེས་༡༤ ཉིན་རྒྱ་ནག་གཞུང་གིས་ཕ་ཡུལ་མདོ་སྨད་ཁྱུང་མཆུ་རྫོང་དབལ་ཤུལ་རྨེ་བ་ནས་ཡིན་པའི་དགེ་རྒན་མགོན་ཚེ་ཞུ་བ་ཞིག་གིས། ལྷ་སའི་ཏོག་དབྱིབས་རིམས་ནད་སྐབས་ཁྱིམ་སྡོད་བཀག་རྒྱའི་གནས་ཚུལ་དང། བརྙན་སོགས་ཁོ་རང་གི་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྤེལ་བྱས་རྐྱེན། རང་ཁྱིམ་ནས་འཛིན་བཟུང་གིས་ད་ལྟའི་ཆར་གང་དུ་ཁྲིད་ཡོད་སོགས་ཤེས་རྟོགས་གང་ཡང་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ། བཙན་བྱོལ་དུ་ཡོད་པའི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

དགེ་རྒན་མགོན་ཚེ་ལགས་ནི་ཁྱུང་མཆུ་རྫོང་རྨེ་བ་གྲོང་བརྡལ་གྱི་བོད་ཡིག་དགེ་རྒན་ཞིག་ཡིན་པ་དང་། གོང་ཞུས་མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ཁོང་འཛིན་བཟུང་བཙན་ཁྲིད་དགོས་པའི་སྐོར་ལ་ནང་མི་ཉེ་འབྲེལ་ཚོར་གསལ་བཤད་དང། རྒྱུ་མཚན་ཁ་གསལ་གང་ཡང་བཤད་མེད་ན་ཡང་། གཙོ་བོ་ཁོང་གིས་ལྷ་ས་རུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་འབྲེལ། རྒྱ་ནག་གཞུང་གིས་ལྷ་སའི་མི་མང་ལ་ཡག་པོ་བྱེད་ཀྱི་མེད་པའི་སྐོར་སོགས་སྤེལ་བས་ཡིན་པ་མངོན་གསལ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་དེས་ཐེངས་འདིར་འཛིན་བཟུང་བྱས་པའི་དགེ་རྒན་མགོན་ཚེ་ལགས་ལ་མཚོན་ན། སྤྱི་ཚོགས་དྲ་ལམ་དུ་རིམས་ནད་ཁྱབ་གདལ་སྐབས་ཀྱི་ལྷ་སའི་མི་མང་གི་གནས་ཚུལ་མང་པོ་བརྒྱུད་སྤེལ་བྱས་རྐྱེན་ཡིན་ན་ཡང་། ད་ལྟའི་ཆར་ཁོང་གི་སྤྱི་ཚོགས་དྲ་ལམ་ཚང་མ་ནག་བསུབ་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

འདི་ལོའི་ཕྱི་ཟླ་༨པའི་ཟླ་མགོ་ནས་བཟུང་ལྷ་སར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བ་ནས། ལྷ་ས་ཉེན་རྟོག་པ་ཚོས་རིམས་ནད་བཀག་རྒྱར་མ་རྩིས་སྐོར་བརྗོད་ནས། མི་གྲངས་༧༨༦ལ་ཁྲིམས་ཐོག་ནས་ཉེས་ཆད་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་རིམས་ནད་དང་འབྲེལ་བོད་ནང་གི་གནས་ཚུལ་རྩ་བ་ནས་རྒྱུས་ལོན་མི་ཐུབ་པ་བྱས་ཏེ། རིམས་ནད་སྐབས་སུ་ཉེས་ཁྲིམས་འདྲ་མིན་ལ་ཁ་གཡར་ནས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་བོད་མི་མང་པོ་གང་བྱུང་འཛིན་བཟུང་བྱེད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ཟླ་༨ཕྱི་ཚེས་༡༨ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་དྲ་ལམ་ཁག་ཏུ་རིམས་ནད་གནས་ཚུལ་རྫུན་མ་ཕྱིར་བསྒྲགས་མཁན་ཡིན་སྐོར་བརྗོད་ནས། ལྷ་སའི་ཁྲེང་ཀོན་ཆུས་ཟེར་བ་དང་ལྷ་ས་མལ་གྲོ་གུང་དཀར་རྫོང། གཞན་ཡང་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སོགས་ནས་རིམས་ནད་གནས་ཚུལ་ཐོག་མར་ཕྱིར་བསྒྲགས་མཁན་ཡིན་སྐོར་བརྗོད་ནས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན་ཕྱི་ཚེས་༢༥་བར་བོད་རང་སྐྱོང་ལྗོངས་ཡོངས་སུ་ནད་པ་༡༡༡ཇེ་མང་དུ་སོང་ཡོད་པ་དང་། ད་ལྟའི་ཆར་མི་གྲངས་༦༠༥༩༧ཟུར་བཀག་འོག་བཞག་ཡོད་པ་བཀོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎