བོད་ཀྱི་ཁུ་ཚུར་དྲག་རྩལ་བ་གཡུང་དྲུང་ལགས་ཀྱིས་ཨ་རིའི་ (UFC) འགྲན་བསྡུར་ཁྲོད་རྒྱལ་ཁ་བླངས་འདུག

དེ་ཡང་ཨ་རིའི་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ (Ultimate Fighting Championship) ཞེས་པའི་རྩེད་འགྲན་ (UFC 312) དེ་ཨོསི་ཊརེ་ལི་ཡ་ (Australia) རྒྱལ་ཁབ་ཏུ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༢ཚེས་༨ཉིན་གྱི་འགྲན་བསྡུར་ཁྲོད་བོད་ཀྱི་ཁུ་ཚུར་དྲག་རྩལ་བ་གཡུང་དྲུང་ལགས་ཏེ་ཡིག་ཆའི་ཐོག་(Rong Zhu)་ཞེས་འཁོད་ཡོད་པ་ཁོང་མཉམ་ཞུགས་ཀྱིས་ཨ་རིའི་ཁུ་ཚུར་དྲག་རྩལ་བ་གྲགས་ཅན་ཁོ་ཌི་སིཊིལ་ (Kody Steele) དང་འགྲན་རྩོད་སྐབས་གཡུང་དྲུང་ལགས་སུ་མཐའ་མའི་རྒྱལ་ཁ་ཐོབ་ཡོད་པ་རེད།
སྐབས་དེར་གཙོ་སྐྱོང་བས་གཡུང་དྲུང་ལགས་སུ་རྒྱལ་ཁབ་ཐོབ་པར་འཚམས་འདྲི་དང་བཅས། ཁོང་དང་འགྲན་ཡ་ཁོ་ཌི་སིཊིལ་ (Kody Steele)་གཉིས་དུས་ཡུན་རིང་པོར་མཉམ་དུ་སྦྱོང་བརྡར་བྱས་ཡོད་ཅིང་། དེ་རིང་གི་འགྲན་རྩོད་ཁྲོད་ཁྱོད་རང་ལ་རྒྱལ་ཁ་ཆེན་པོ་ཐོབ་སོང་བས། ཁྱེད་ལ་ཚོར་སྣང་གང་འདྲ་འདུག་ཞེས་དྲིས་སྐབས། གཡུང་དྲུང་ལགས་ཀྱིས་ཁོ་ཌི་སིཊིལ་ (Kody Steele)་ངའི་གྲོགས་པོ་ཡིན་པས། ཆེས་བཟང་བའི་གྲོགས་པ་དང་མཉམ་དུ་ནུས་པ་ཆེས་བཟང་ཤོས་དེ་བཏོན་ནས་འགྲན་བསྡུར་བྱེད་རྒྱུ་དེ་ནི་བརྩི་མཐོང་བྱེད་སྟངས་ཆེས་བཟང་ཤོས་དེ་ཡིན། དེ་དང་མཉམ་དུ་ངའི་སྦྱོང་བརྡར་དགེ་རྒན་རྣམ་པར་ཐུགས་རྗེ་ཆེ་ཞུ་ཡིན་ཞེས་གསུང་འདུག
ལོ་སྔོན་མའི་ཕྱི་ཟླ་ དགུ་བའི་ནང་ཁོང་གི་ (UFC) འགྲན་བསྡུར་སྐབས་མིག་ལ་རྨས་སྐྱོན་ཕོག་ནས་ཕམ་ཡོད་ཀྱང་ད་རེས་ཡང་བསྐྱར་ (UFC) ནང་རྒྱལ་ཁ་ཐོབ་ཡིན་པ་རེད།
བོད་ཀྱི་ཁུར་འཛིང་དྲག་རྩལ་པ་གཡུང་དྲུང་ (Rong Zhu) ལགས་ནི་རྒྱ་ནག་གིས་བཅད་བགོས་བྱས་བའི་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༧ ཉིན་སྐྱེས། རང་ལོ་༡༢ཐོག་ནས་དྲག་རྩལ་སྦྱང་འགོ་བཙུགས། ཁོང་ཡང་དེ་སྔ་ཨ་རིའི་རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་མྱོང་བའི་བོད་ཀྱི་ཁུ་ཚུར་དྲག་རྩལ་པ་བསོད་ནམས་དར་རྒྱས་དང་། གཡུ་སྒྲ་ལགས་སོགས་ལྟར་མགོན་པོ་དྲག་རྩལ་ཁང་གི་སློབ་མ་ཡིན་པ་རེད།
སྤྱི་ཚོགས་དྲ་ལམ་ཐོག་མཆན་རྒྱག་མཁན་ཚོས་ཁོང་ལ་བསྔགས་བརྗོད་དང་བོད་ཀྱི་དཔའ་རྒོད་རེད། ཁོང་རྒྱ་རིགས་མ་རེད་ཅེས་བོད་པ་ནང་ཁུལ་དགའ་མོལ་བྱེད་མཁན་མང་པོ་བྱུང་འདུག
གཞན་ཡང་སྔ་ལོ་ཕྱི་ཟླ་༢ ཚེས་༣ ཉིན་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་གྷ་སི (Las Vegas)རུ་འཚོགས་པའི་ཨ་རིའི་ (UFC featherweight finals) རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་རྟིང་རྩོད་འགྲན་བསྡུར་ཁྲོད། བོད་རིགས་ཁུ་ཚུར་དྲག་རྩལ་བ་གཡུ་སྒྲ་ལགས་ཀྱིས་འགྲན་ཐུན་དང་པོར་འགྲན་ཡུན་སྐར་མ་གསུམ་དང་སྐར་ཆ་གསུམ་གྱི་ནང་ཁ་གཏད་ཁེ་ཝེན (Kaiwen) ཕམ་ཉེས་བཏང་ནས་རྒྱལ་ཁ་བླངས་ནས་ད་ཆ་ཁོང་ཨ་རིའི་ (UFC) རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་པར་གྱུར་ཡོད་པ་བཅས་ (UFC) རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་ཁྲོད་ཚུད་མཁན་བོད་རིགས་འགའ་ཤས་བྱུང་ཡོད་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།