བལ་ཡུལ་ནང་གསུམ་བཅུའི་དུས་དྲན་ཉིན་བོད་མི་གནས་ཡུལ་གང་སར་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱས་འདུག

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཡིན་པ་ལྟར། ཉིན་དེར་འཛམ་གླིང་གི་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ལམ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། འོན་ཀྱང་བལ་ཡུལ་ནང་ཕྱིའི་གནོན་ཤུགས་དང་དམ་དྲག་གི་དབང་གིས་བོད་མི་ཚོ་ཁྲོམ་གཞུང་ནང་ཐོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་ལོ་ཤས་ནས་བཟུང་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་འདི་ལོ་ཡང་དེ་ལྟར་སྲུང་བརྩི་ཞུ་ཐུབ་མེད་པ་རེད། འོན་ཀྱང་འདི་ལོ་བོད་མི་འདུས་སྡོད་ས་གནས་དང་གཞིས་ཆགས་ཁག་སོ་སོའི་ཚོགས་ཁང་ནང་ཆོས་ཕྱོགས་ཀྱི་ལམ་ནས་མཛད་སྒོ་ཚོགས་ཏེ་སྲུང་བརྩི་ཞུས་ཡོད་པའི་སྐོར་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་ (Nepal Manav Adhikar Shikshya Samaj) གི་འབྲེལ་མཐུད་པས་ཞིབ་འཇུག་གནས་ཚུལ་སྤེལ་བའི་ནང་གསལ་འདུག་ཅིང་། གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་གྱི་འཇོ་ལ་ཁེལ་ (Jawalakhel) བོད་མིའི་གཞིས་ཆགས་སུ་མང་ཚོགས་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་ཞུས་ཤིང་། བསང་གསོལ་དང་མཆོད་འབུལ་གྱི་ལམ་ནས་དྲན་གསོ་ཞུས་ཡོད་འདུག སྐབས་དེར་གཞིས་ཆགས་ཀྱི་ས་ཚིགས་སུ་བལ་ཡུལ་གྱི་ཉེན་རྟོག་མི་སྣ་གང་ཙམ་འགྲེམས་འཇོག་བྱས་ཡོད་ཀྱང་གནས་ཚུལ་རིགས་གང་ཡང་ལྷག་མེད་པ་རེད།
གཞན་བལ་ཡུལ་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་ཁུལ་དང་སྐོར་ལམ་སོགས་སུ་བལ་ཡུལ་གཞུང་གིས་སྒྲིག་ཆས་གྱོན་པ་དང་སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པ་དང་གསང་བའི་མི་སྣ་མང་དག་ཅིག་ཆེད་དུ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་འདུག
ཕྱོགས་མཚུངས་བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དང་ཉེ་འཁྲིས་ཀྱི་ས་ཁུལ་འགའ་ཤས་སུ་ཉེན་རྟོག་མི་སྣ་གང་ཙམ་འགྲེམས་འཇོག་གིས་དམ་དྲག་སྐོར་སྲུང་བྱས་ཡོད་པ་བཅས་བལ་ཡུལ་གཞུང་གིས་མངོན་གསལ་དོད་པོ་མེད་པའི་སྒོ་ནས་གསུམ་བཅུའི་དུས་དྲན་ཉིན་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱས་ཡོད་པ་གསལ་འདུག
གཞན་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་ར་ཁུལ་དུ་གསུམ་བཅུའི་དུས་དྲན་ཉིན་བོད་མི་གནས་ཡུལ་ཁག་ལ་ཉེན་རྟོག་མི་སྣ་འགྲེམས་འཇོག་བྱས་ཡོད་པ་དང་། མཐའ་མཚམས་གཞིས་ཆགས། ཤར་ཁུམ་པོ་དང་ཝ་ལུང་། ར་སུ་ཝ་བཅས་ཀྱི་ནང་དམ་དྲག་དེ་ཙམ་མེད་པར་ཆོས་ཕྱོགས་ཀྱི་ལམ་ནས་དུས་དྲན་སྲུང་བརྩི་ཞུས་ཐུབ་ཙམ་བྱུང་ཡོད་པ་རེད།
བལ་ཡུལ་ནང་གི་གནས་སྟངས་ཐད་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དམ་བདེ་དོན་ལས་ཁུངས་ཀྱི་འགན་འཛིན་རྩིབ་རི་ལོ་པཎ་སྤྲུལ་སྐུ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུ་ཐབས་བྱས་ཀྱང་ད་ལྟའི་ཆར་འབྲེལ་མཐུད་ཞུ་ཐུབ་མ་སོང་།
འོན་ཀྱང་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གི་འབྲེལ་མཐུད་པ་བཟང་པོ་ལགས་ཀྱིས། ཁོང་གིས་བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སོགས་བོད་དང་འབྲེལ་བའི་དུས་ཚིགས་གལ་ཆེན་སྐབས་བལ་ཡུལ་གཞུང་གིས་དུས་རྒྱུན་དམ་དྲག་བྱེད་ཀྱི་ཡོད་པ་དང་། དེ་ནི་གཙོ་བོ་བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་བལ་ཡུལ་ནང་དེ་སྔ་བོད་མི་ཚོས་མ་སྐུལ་དྭང་བླང་གིས་དུས་ཡུན་ཟླ་བ་དྲུག་ལྷག་གི་རིང་རྒྱུན་ཆད་མེད་པར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཁྱབ་སྤེལ་ཤུགས་ཆེ་བྱུང་བའི་རྗེས། རིམ་པས་བལ་ཡུལ་ནང་བོད་མི་ཚོར་དམ་དྲག་གིས་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུར་བཀག་འགོག་དང་ཐ་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་དགའ་སྟོན་གྱིས་སྲུང་བརྩི་ཞུ་བར་ཡང་བཀག་འགོག་བྱེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། ཨ་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།