རྒྱ་གར་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པ་སྲུང་བརྩི་ཞུ་བཞིན་པ།
རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཕྲོག་དང་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་ནག་གསུབ་གཏོང་བཞིན་པར་ཆོལ་གསུམ་བུད་མེད་ཐུན་མོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་གནང་བཞིན་འདུག
དེ་ཡང་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྲུང་བརྩི་ཞུ་གི་ཡོད་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་རམ་ས་ལར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཙུན་མ་དང་སློབ་ཕྲུག་དེ་བཞིན་ས་གནས་མི་དམངས་བཅས་ཁྱོན་མི་གྲངས་ ༨༠༠ ཙམ་ནས། གཙུག་ལག་ཁང་གི་ཉེ་མགྲམ་དུ་ཡོད་པའི་རླངས་འཁོར་འཇོག་སའི་མདུན་ཐང་ནས་རྡ་ཤོད་ཀ་ཅ་རི་བར་ཞི་བའི་གོམ་བགྲོད་ནང་མཉམ་བཞུགས་གནང་སོང་ལ། བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་བཞིན་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། ཉིན་དེར་བོད་ནང་བུད་མེད་དང་སྐྱེས་པ་སྟོང་ཕྲག་བརྒལ་བས་དཔའ་མཛངས་མཐོན་པོས་ཆིག་སྒྲིལ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དང་། ལས་འགུལ་དེའི་བརྒྱུད་བོད་པའི་མི་རབས་གསར་པ་རྣམས་ལའང་བོད་དོན་འཐབ་རྩོད་ཐོག་གོ་རྟོགས་སྤེལ་ཆེད་ཡིན་པ་འགྲེལ་བརྗོད་གནང་བ་དང་སྦྲགས། ད་ལྟའི་བོད་ནང་ཛ་དྲག་ཆེ་བའི་དུས་སྐབས་འདིར། གཞིས་ལུས་བོད་མི་རྣམས་ནས་ནུས་པ་མཉམ་སྤུངས་ཀྱི་ལས་འགུལ་སོགས་སྤེལ་དགོས་པ་ལས་ལྷོད་གཡེང་བྱ་མི་རུང་ཞེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བཞུགས་སྒར་རྡ་རམ་ས་ལར་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི།
ཕྱོགས་མཚུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཇན་ཏར་མན་ཏར་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མཉམ་ཞུགས་ཐོག་དུས་ཆེན་སྲུང་བརྩི་དང་ངོ་རྒོལ་སྐད་འབོད་གནང་ཡོད་ལ། དེ་མཚུངས་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་གནས་སྡོད་བོད་མི་ཚོས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༦ པའི་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཞུ་ཆེད་བདེན་ཚིག་སྨོན་ལམ་དང་མ་ཎི་གསོག་སྒྲུབ་སོགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུས་འདུག་ལ། དེ་ལྟར་རྒྱ་གར་ལྷོ་ཕྱོགས། ལ་དྭགས་སོགས་བོད་མི་འདུས་སྡོད་ས་གནས་ཁག་ཏུ་ལས་འགུལ་གྱི་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི་ཞུས་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།