བོད་ནང་ཁ་པར་དང་འགྲིམས་འགྲུལ་ཐོག་དམ་བསྒྲགས།

ཉེ་ཆར་མདོ་སྟོད་སྨད་གཉིས་ནང་བོད་མིས་ཞི་རྒོལ་སྤེལ་རྗེས་བོད་ནང་ཁ་པར་དང་འགྲིམས་འགྲུལ་ཐོག་དམ་བསྒྲགས་ཡོད་པ།

2012.01.29

༄༅༎ཉེ་ཆར་ཁམས་བྲག་མགོ་དང་གསེར་རྟ་གཉིས་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བའི་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་དེ་གཉིས་ནང་གི་ཁ་པར་གྱི་འབྲེལ་མཐུད་དང་འགྲིམས་འགྲུལ་བཀག་འགོག་བྱས་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་༢༣ ཉིན་རྒྱ་མིའི་དཔྱིད་ལོའི་ལོ་གསར་ཚེས་གཅིག་ཉིན་ཁམས་བྲག་མགོར་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དང༌། ཕྱི་ཚེས་༢༤ ཉིན་ལོ་གསར་ཚེས་༢ ཉིན་མོར་ཁམས་གསེར་རྟའི་ཁུལ་དུ་བོད་མིས་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་རིམ་པ་བཞིན་དྲག་གནོན་བྱས་པའི་རྗེས། ཕྱི་ཚེས་༢༥ དང་༢༦ ནས་བཟུང་བྲག་མགོ་དང་གསེར་རྟ་རྫོང་གཉིས་སུ་འགྲོ་བའི་འགྲིམས་འགྲུལ་འགྲོ་འོག་ཡོང་རྫོགས་བཀག་འགོག་བྱས་པ་མ་ཟད། ས་གནས་དེ་གཉིས་ནས་ས་ཆ་གཞན་དུ་འགྲོ་བའི་འགྲིམས་འགྲུལ་ཡང་བཀག་འགོག་བྱས་ཡོད་པ་དང༌། ཁ་པར་དང་དྲ་རྒྱའི་འབྲེལ་ལམ་ཡང་ཡོང་རྫོགས་བཀག་སྡོམ་བྱས་ཡོད་པ་རེད། ཐོག་མའི་སྐབས་ཕྱི་ཕྱོགས་ནས་རྒྱ་ནག་ནང་ཁུལ་དུ་ཁ་པར་བཏང་བའི་སྐབས་གཏོང་ཐུབ་ཀྱི་ཡོད་པ་དང༌། རྒྱ་ནག་ནང་ཁུལ་ནང་བྲག་མགོ་དང་གསེར་རྟ་གཉིས་སུ་ཁ་པར་གཏོང་ཐུབ་ཏེ་གནས་ཚུལ་ཤེས་རྟོག་ཐུབ་པ་བྱུང་ཡོད་ཀྱང་ད་ཆ་རྒྱ་ནག་ནང་ཁུལ་ཙམ་དུ་མ་ཟད། ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུ་ནས་ཁ་པར་གཏོང་མ་ཐུབ་པ་བཟོས་ཏེ་ཁ་པར་གྱི་འབྲེལ་མཐུད་ཡོངས་རྫོགས་བཀག་བསྡོམ་བྱས་ཡོད་པ་བརྟེན་ནས་གནས་ཚུལ་ཤེས་རྟོག་ཡོང་བར་དཀའ་ངལ་དུ་གྱུར་ཏེ། གོང་གསལ་བོད་ཀྱི་ས་ཁུལ་དེ་གཉིས་ནང་དུ་ཞི་བའིངོ་རྒོལ་བྱེད་པའི་སྐབས་རྒྱ་མིའི་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་རྨས་སྐྱོན་འཕོག་པ་ཚོའི་གནས་སྟངས་ཇི་ལྟར་ཡོད་མེད་དང༌། བོད་མི་མུ་མཐུད་འཛིན་བཟུང་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོག་ཐུབ་ཀྱི་མེད་པ་རེད། འོན་ཀྱང་ད་དུང་ཡང་བྲག་མགོ་དང་གསེར་རྟ་རྫོང་ནང་དུ་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་རྒྱབ་ཡོད་པ་དང༌། ཁྲོམ་གཞུང་དུ་རྒྱ་མིའི་ཉེན་རྟོག་པ་དང༌། དྲག་ཆས་དམག་མི་ལས་མི་དམངས་མཐོང་རྒྱུ་མེད་པར་གྱུར་ཡོད་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎