བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཞུ་ཕྱོགས་ཐད་འཕྲད་བཞིན་པའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་འདུག

2021.06.10
བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཞུ་ཕྱོགས་ཐད་འཕྲད་བཞིན་པའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཁང་གི་མདུན། ༦།༨།༢༡
RFA

བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་མ་ཞུས་མཁན་བདམས་ཐོན་སྤྱི་འཐུས་རྣམ་པས་རྒྱ་ཆེ་སར་དགོངས་ཏེ་བཅའ་ཁྲིམས་དགོངས་དོན་ལྟར་དམ་འབུལ་གནང་བའི་རེ་བ་གནང་བཞིན་ཡོད་པ་བར་བརྒལ་ཚོགས་གཙོས་གསུངས་འདུག
ཕྱི་ཟླ་༦་ཚེས་༨་ཉིན་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་༢༡་གིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་གནང་ཡོད་པ་དང་། ཡང་བདམས་ཐོན་སྤྱི་འཐུས་༢༢་ཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དཔེ་དེབ་མདུན་ནས་དམ་འབུལ་བཞེས་ཏེ་ཚོགས་ཁག་གཉིས་སུ་གྱེས་པའི་གནས་ཚུལ་བྱུང་ཞིང་། དེ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་ཆེད་ཕེབས་སྐབས། ཁོང་གིས་བཅའ་ཁྲིམས་དོན་ཚན་༤༩་བའི་དགོངས་དོན་ལྟར། དགོས་ངེས་སྤྱི་འཐུས་ཀྱི་ཉུང་ཚད་གྲངས་འབོར་ལོང་གི་མེད་སྟབས། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་གནང་ཐབས་མེད་པ་གསུངས་ཡོད་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བདམས་ཐོན་སྤྱི་འཐུས་རྣམ་པས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་དགོས་པ་གསལ་འཁོད་ཡོད་ཅིང་། ཕྱི་ཟླ་ ༦་ཚེས་༡༠་ཉིན་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པར། འདས་ཟིན་པའི་གནས་ཚུལ་ནི་འདས་ཟིན་པ་ཡིན་པ་དང་། ང་ཚོ་བཅའ་ཁྲིམས་གཞིར་བཟུང་འགྲོ་དགོས་པར་བརྟེན། ཚང་མས་དེར་གུས་བརྩི་ཞུས་པ་ཡིན་ན་ལས་དོན་འགྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་དང་། ཁོང་གིས། བར་བརྒལ་ཚོགས་གཙོའི་མདུན་དུ་དམ་འབུལ་མ་ཞུས་མཁན་བདམས་ཐོན་སྤྱི་འཐུས་རྣམ་པས་རྒྱ་ཆེ་སར་དགོངས་ཏེ་བཅའ་ཁྲིམས་དགོངས་དོན་ལྟར་དམ་འབུལ་གནང་ནས་ཉིན་གཅིག་གཉིས་ནང་ཐག་གཅོད་ཞིག་ཡོང་རྒྱུའི་རེ་བ་གནང་བཞིན་ཡོད་པ་གསུངས་འདུག འོན་ཀྱང་ཁོང་གིས་རེ་བ་གནང་ཡུལ་གང་ཡིན་གསལ་བཤད་གང་ཡང་གནང་མེད་པ་རེད།
འདི་ཚེས་༨་ཉིན་བདམས་ཐོན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསར་འགོད་པ་ཚོར་བར་བརྒལ་ཚོགས་གཙོ་མཆོག་གིས་སྤྱི་འཐུས་༢༡་གི་དམ་འབུལ་གྱི་གནས་སྟངས་དེ་འོས་བསྡུ་ལས་ཁང་ལ་གསལ་བཤད་ཞུས་པ་དེ་ཁྲིམས་སྒྲིག་དང་མཐུན་མིན་དོགས་འདྲི་གནང་ཞིང་། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་ཁོང་གི་མདུན་ནས་དམ་འབུལ་ཞུ་མཁན་ག་ཚོད་བྱུང་མེད་དེ་འབྲེལ་ཡོད་ལ་སྙན་སེང་ཞུ་དགོས་པ་ནི་ཁོང་གི་ལས་འགན་འགྲུབ་པ་ཞིག་ཡིན་པ་ལས། ཁོང་གི་ངོས་ནས་དབྱེ་འབྱེད་གང་ཡང་གནང་མེད་པ་དང་། དམ་འབུལ་ཟིན་རྗེས་བར་བརྒལ་ཚོགས་གཙོའི་ངོ་བོའི་ཐོག་ནས་ངས་ཚོགས་དྲུང་ལས་ཁུངས་ལ་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་མཁན་རྣམ་པའི་མཚན་གཞུང་དབུས་བསྡུ་ལས་ཁུངས་སུ་ཕུལ་དགོས་པ་བཀོད་མངགས་གནང་པ་ལས། ཁོང་དངོས་སུ་མཚན་གཞུང་དེ་འོས་བསྡུ་ལས་ཁུངས་སུ་བསྐྱེལ་བར་ཕེབས་ལུགས་བརྗོད་བཞིན་པ་དེ་རྩ་བ་ནས་བདེན་པ་མིན་པ་གསལ་བཤད་གནང་འདུག
གསར་འགོད་པ་ཚོས་སྤྱི་འཐུས་རྡོ་རྗེ་ཚེ་བརྟེན་ལགས་ཀྱི་གཙོས་༧གོང་ས་མཆོག་གི་སྐུ་པར་མདུན་དང་བཅའ་ཁྲིམས་རིན་པོ་ཆེར་དམ་འབུལ་ཞུས་མཁན་བདམས་ཐོན་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་ཡོང་ཐབས་ཞུས་ཀྱང་གོ་སྐབས་ཐོབ་མེད་པ་རེད།
དེ་བཞིན་དབུས་འོས་བསྡུའི་འགན་འཛིན་མཆོག་དང་། ཚོགས་དྲུང་ལས་ཁུངས་སུ་ད་ལྟའི་གནས་སྟངས་ཐད་བཅར་འདྲི་ཡོང་ཐབས་བྱས་ཀྱང་དང་ལེན་གནང་མ་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎