རྒྱ་ནག་གཞུང་གིས་ཡུ་གུར་བ་ཕྱི་བསྐྱོད་དང་ཕྱི་ནས་གཉེན་འཕྲད་ཐད་དམ་དྲག་བྱེད་བཞིན་ཡོད་འདུག

2025.02.04
རྒྱ་ནག་གཞུང་གིས་ཡུ་གུར་བ་ཕྱི་བསྐྱོད་དང་ཕྱི་ནས་གཉེན་འཕྲད་ཐད་དམ་དྲག་བྱེད་བཞིན་ཡོད་འདུག ཤིན་ཅང་མཐའ་མཚམས་ཀྱི་Khunjerabའགག་སྒོ། ༢༠༢༥།༠༡།༠༢
Xinhua

* ཚེས་༥ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།

སྤྱི་ཟླ༢པའི་ཚེས་༠༣ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་ཕྱི་བསྐྱོད་ལ་དམ་དྲག་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་དུ། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཕྱི་ཕྱོགས་སུ་བསྐྱོད་རྒྱུར་རེ་བ་བྱེད་མཁན་དག་ལ་ཆ་རྐྱེན་འདྲ་མིན་བཏོན་ནས་སྟངས་འཛིན་ནན་མོ་བྱེད་ཀྱིན་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཡུ་གུར་བ་རྣམས་ཕྱིར་ཡོང་ཆོག་ཚུལ་བཤད་ཀྱིན་ཡོད་ནའང་། གདམ་གསེས་དང་ཚད་བཀག་རང་བཞིན་གྱིས་ནང་མིར་ཐུག་འཕྲད་བྱེད་སྐབས་རྒྱ་ནག་ནང་ཁུལ་གྱི་ཡུ་གུར་བ་དང་འདྲ་བར་དམ་དྲག་བྱེད་ཀྱིན་ཡོད་པའི་སྐོར་བཀོད་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་མཱ་ཡ་ཝང་(Maya Wang, associate China director at Human Rights Watch)་ལགས་སུ། སྙན་ཐོའི་ནང་དུ་བཀོད་པའི་རྒྱ་ནག་གཞུང་གིས་ཡུ་གུར་བའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་འདུག་ཟེར་བ་དེ་ནི་ཡུ་གུར་གྱི་ལས་འགུལ་བའམ་རང་དབང་རྩོད་ལེན་པ་རེད་དམ་ཡུ་གུར་མི་རིགས་ཚང་མ་རེད་ཅེས་འདྲི་དུས་ཁོ་མོས་གསུངས་དོན། འགྲོ་འདུག་ལ་དམ་དྲག་བྱེད་ཀྱིན་པ་དེ་ནི་ལས་འགུལ་བའམ་རང་དབང་རྩོད་ལེན་པ་ཙམ་མ་ཡིན་པར། ཡུ་གུར་དུ་ཁྱིམ་ཐོ་ཡོད་པ་ཡོད་ཚད་དང་། ད་ལྟ་ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་ཡིན་ནའང་སྔོན་མ་ཡུ་གུར་གྱི་ཁྱིམ་ཐོ་ཡོད་མཁན་བཅས། མདོར་ན་ཡུ་གུར་བ་ཚང་མར་དམ་དྲག་བྱེད་ཀྱིན་ཡོད་པ་ལས་ཡུ་གུར་གྱི་དམིགས་བསལ་བའི་མི་སྣ་སྐོར་ཞིག་ཙམ་མ་ཡིན་པའི་སྐོར་འགྲེལ་བརྗོད་གནང་སོང་།
ཡང་ཁོང་ལ་ཁྱེད་ཀྱིས་བལྟས་ན་རྒྱ་ནག་གཞུང་གིས་ཡུ་གུར་དང་བོད་ལ་དམ་དྲག་བྱེད་སྟངས་ལ་ཁྱད་པར་འདུག་གམ་གཅིག་མཚུངས་རེད་དགོངས་ཀྱིན་འདུག་ཅེས་འདྲི་དུས། ཁོང་མོས། བོད་མི་དང་ཡུ་གུར་བ་རྣམས་ཕྱི་སྐྱོད་ལག་འཁྱེར་སྤྲོད་རྒྱུ་སོགས་འགྲོ་འདུག་ལ་དམ་དྲག་བྱེད་བཞིན་པ་དེ་གཅིག་མཚུངས་རེད། ཡིནའང་དྲག་གནོན་བྱེད་ཐབས་ཀྱི་ཆ་ནས་འདྲ་མིན་མང་བོ་ཞིག་འདུག་པ་མ་གཏོགས་བོད་ལ་མཚོན་ནའང་ཕྱི་ཕྱོགས་སུ་བསྐྱོད་རྒྱུ་དམ་དྲག་བྱས་ཡོད་པ་མ་ཟད། ཧི་མ་ལ་ཡ་བརྒྱུད་ནས་ཕྱི་ཕྱོགས་སུ་བྲོས་བྱོལ་བྱ་རྒྱུར་ཡང་སྔར་ལས་ལྷག་པའི་དམ་དྲག་བྱས་ཡོད་པ་ཇི་བཞིན། ཤིན་ཅང་གི་ཡུ་གུར་མི་རིགས་ལ་མཚོན་ནའང་ཕྱི་སྐྱོད་ལག་འཁྱེར་ལ་དམ་དྲག་ནན་མོ་བྱས་ཡོད་པ་མ་ཟད། བྲོས་བྱོལ་གྱི་མཐའ་མཚམས་ཁག་ལའང་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པའི་གནས་སྟངས་དེ་གཅིག་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་པ་༢༣ལ་སྐད་ཆ་དྲིས་ནས་ཞིབ་བཤེར་བྱས་ཡོད་པ་ལས། རྒྱ་ནག་གཞུང་གིས་ཡུ་གུར་པ་ཞིག་ཕྱི་རྒྱལ་དུ་འགྲོ་རྒྱུར་ཆོག་མཆན་སྤྲད་དགོས་ན་ཁྱིམ་ཚང་གཅིག་ནས་མི་གཅིག་མ་གཏོགས་སོང་མི་ཆོག་པ་མ་ཟད། ནང་མི་གཞན་དག་མི་གཏའ་རུ་འཇོག་པ་ལས་གཞན། གཞུང་ཞབས་པ་ཞིག་ཁག་ཐེག་ཏུ་བསྡད་ནས་མི་དེ་ཕྱིར་རྒྱ་ནག་ཏུ་ལོག་རྒྱུར་ཁས་ལེན་བྱ་དགོས་པ་དང་། ཕྱི་རྒྱལ་དུ་ཐོན་པ་དང་རྒྱ་ནག་ལས་བྱེད་ཅིག་ལ་ཉིན་རེ་བཞིན་རང་གི་ལས་དོན་ཡར་ཞུ་བྱེད་དགོས་ལ། ཕྱིར་རྒྱ་ནག་ཏུ་ཐོན་མ་ཐག་ཕྱི་སྐྱོད་ལག་འཁྱེར་ཡར་རྩིས་སྤྲོད་དང་། ཕྱི་རྒྱལ་དུ་སོང་བའི་རིང་ལ་ཡུ་གུར་བའི་མི་སུ་ལ་ཐུག་པ་དང་སྐད་ཆ་ཅི་ཞིག་བཤད་པ་སོགས་ཚང་མ་ཡར་ཞུ་བྱེད་དགོས་པའི་སྐོར་བཀོད་ཡོད་འདུག
གཞན་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བའམ་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་མཁན་རྣམས་ཕྱིར་གཉེན་འཕྲད་དུ་འགྲོ་དགོས་པ་ཡིན་ན། རྒྱ་ནག་གཞུང་གིས་མི་དེའི་རྒྱབ་ལྗོངས་ལ་ཞིབ་བཤེར་ནན་མོ་བྱས་པ་བརྒྱུད་ནས་ཕྱིར་ཤིན་ཅང་དུ་སོང་བ་ཡིན་ན། ས་གནས་ཀྱི་ཉེན་རྟོག་པས་འདྲི་རྩད་ཐེངས་མང་བྱས་རྗེས་ཆོག་མཆན་ཐོབ་དགོས་པ་དང་། མི་ཁ་ཤས་ནང་མིར་འཕྲད་དུ་མ་བཅུག་པར་མགྲོན་ཁང་དང་རང་དང་འབྲེལ་མེད་ཀྱི་ཁྱིམ་ཚང་གཞན་དུ་སྡོད་དགོས་པའི་སྐོར་གྱི་གནས་ཚུལ་བཀོད་ཡོད་འདུག

དེ་འབྲེལ་འདི་ཚེས་༤ཉིན་(World Uyghur Congress)་ཞེས་འཛམ་གླིང་ཡུ་གུར་ཚོགས་པས་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་འབོད་པའི་ཤིན་ཅང་མངའ་ཁུལ་དུ་གནས་སྟངས་སྔར་རྒྱུན་བཞིན་ཡོད་ལུགས་བཤད་བཞིན་ཡོད་ཀྱང་། དངོས་ཡོད་གནས་སྟངས་དེ་ལས་ལྡོག་ཏེ་མང་ཚོགས་ཀྱི་འགྲུལ་སྐྱོད་ལ་དམ་དྲག་དང་། ལག་འཁྱེར་ལ་ཞིབ་བཤེར། དོན་མེད་གང་བྱུང་འཛིན་བཟུང་དོ་དམ་བྱེད་པ། གང་སར་སོ་བལྟ་བྱེད་པ་སོགས་ཀྱི་ལམ་ནས་བསུན་གཙེར་དང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་ལུགས་བཀོད་ཡོད་འདུག
དེ་དང་ཕྱོགས་མཚུངས་སྤྱི་བསྒྲགས་དེའི་ནང་ཚོགས་གཙོ་(Turgunjan Alawdun)་ཡིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་དང་། ས་གནས་གང་དུ་འགྲུལ་སྐྱོད་བྱེད་ནའང་འཕྲུལ་རིགས་ཀྱི་ཐོག་ནས་ངོ་ཐག་ཆོད་པའི་པར་ཆས་རིགས་དང་། མངའ་ཁུལ་གྱི་ས་གནས་ཐག་ཉེ་རིང་གང་དུ་འགྲོ་དགོས་ནའང་ཆོག་མཆན་ཞུ་དགོས་པ་སོགས་ཀྱི་དམ་དྲག་ཆེན་པོ་ཡོད་ལུགས་དང་། རྒྱལ་ནང་ཙམ་མ་ཡིན་པར་ཕྱིའི་རྒྱལ་ཁབ་ཁག་གི་ནང་གནས་སྡོད་བྱེད་མཁན་ཚོའི་ལག་འཁྱེར་དང་མཐོང་མཆན་སོགས་ལ་དམ་དྲག་དང་ཡང་ན་དེ་དག་ཕྱིར་སློག་དགོས་པའི་སྡིག་ར་སྐུལ་བ་སོགས་ཀྱི་གནས་སྟངས་འོག་སྡོད་དགོས་པའི་དཀའ་ངལ་སྐོར་ཡང་གསུངས་བ་དང་མཉམ། རྒྱལ་སྤྱིའི་ངོས་ནས་ཡུ་གུར་མི་རིགས་ཀྱི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་སྟངས་ངོས་ཟིན་པའི་ཐོག་ནས་ཡུ་གུར་བ་སྐྱོབ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་འདུག


གསར་འགོད་པ། ཀེ་ཐོ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎