རྒྱ་ནག་གཞུང་གིས་བོད་རིགས་ཐོབ་ཐང་འཐབ་རྩོད་པ་ཚེ་རིང་མཚོ་ལགས་བསྐྱར་དུ་འཛིན་བཟུང་བཀག་ཉར་རྗེས་གློད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༩ ནས་བཟུང་ཉིན་གྲངས་ ༡༤ རིང་། རྒྱ་ནག་གཞུང་འབྲེལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སྤྱི་བདེ་ཉེན་རྟོག་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས། བོད་རིགས་ཐོབ་ཐང་འཐབ་རྩོད་པ་ཚེ་རིང་མཚོ་ལགས་སུ་སྤྱི་ཚོགས་དྲྭ་ལམ་དུ་གནས་ཚུལ་རྫུན་བསྒྲགས་དང་། དངོས་ཡོད་མིན་པའི་གནད་དོན་གླེང་སློང་བྱས་སྐོར་གྱི་ཉེས་འཛུགས་འོག རྒྱ་ནག་གཞུང་གིས་ཉིན་གྲངས་ ༡༤ བཀག་ཉར་བྱས་ཏེ་གློད་ཡོད་ན་ཡང་། བཀག་ཉར་རིང་བཅར་རྡུང་བཏང་མིན་དང་། ད་ལྟའི་གནས་སྟངས་གང་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་སྐོར། བོད་ཕྱི་ནང་གི་བོད་མི་ཁག་ཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་མིའི་ཐོབ་ཐང་འཐབ་རྩོད་པ་ཚེ་རིང་མཚོ་ལགས། ཐེངས་དྲུག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་ལ། ཐེངས་འདིར་རྒྱ་ནག་གཞུང་འབྲེལ་ཁྲི་ཀ་རྫོང་བཀག་ཉར་ཁང་ཟེར་བས། ཚེ་རིང་མཚོ་བཀག་ཉར་དང་འབྲེལ་བའི་ཡིག་ཆ་ཞིག་མཁོ་སྤྲོད་བྱས་པའི་ནང་། ཚེ་རིང་མཚོས་སྐད་འཕྲིན་སྤྱི་ཚོགས་དྲྭ་ལམ་དུ་གནས་ཚུལ་རྫུན་བསྒྲགས་དང་། དོན་དངོས་མིན་པའི་རྩོད་རྙོག་སློང་ཐབས་བྱས་པ། ཁྲི་ཀ་རྫོང་གློག་འཕྲིན་དྲྭ་རྒྱའི་ཞིབ་བཤེར་ཚན་པས་དཔང་རྟགས་དང་བཅས་ར་སྤྲོད་བྱུང་ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཚོགས་བདེ་འཇགས་ཀྱི་བཅའ་ཁྲིམས་ཀྱི་ལེའུ་ ༢༦ དོན་ཚན་ ༤ ནང་གསེས་ལྟར། ཚེ་རིང་མཚོ་ལ་ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ ཚེས་ ༡༣ བར་ཉིན་གྲངས་ ༡༤ རིང་། སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་ཡོད་པ་བསྒྲགས་འདུག
ཐེངས་འདིར་ཁོ་མོ་འཛིན་བཟུང་བྱེད་དོན་གཙོ་བོ་ནི། ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་ཚེ་རིང་མཚོ་ལགས་ཀྱིས་ཁོང་གི་སྒེར་གྱི་སྐད་འཕྲིན་སྤྱི་ཚོགས་དྲྭ་ལམ་སྟེང་། ཁོ་མོ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སྤྱི་བདེ་ཉེན་རྟོག་ཁང་གི་འགྲོ་བསྐྱོད་ལག་འཁྱེར་ཞབས་ཞུ་ཁང་དུ་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཞུ་རུ་སོང་བར། ཉེན་རྟོག་ཁང་ནས་ཁོ་མོ་ནག་ཉེས་ཅན་གྱི་མིང་ཐོའི་ནང་བཅུག་ཡོད་སྐོར་བཤད་དེ་ལག་འཁྱེར་སྤྲད་མེད་པ་དང་། ཉེན་རྟོག་ཁང་གི་ཞབས་ཞུ་བའི་བརྙན་དང་སྐད་ཆ་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་བས་ཡིན་འདུག་ལ། སྤྱིར་ཚེ་རིང་མཚོ་ལགས་ཀྱིས་ཐེངས་མང་སྤྱི་ཚོགས་དྲྭ་ལམ་བརྒྱུད། རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ཏེ་བོད་མི་རྣམས་ལ་དབྱེ་འབྱེད་དང་ཐུབ་ཚོད་གཏོང་གི་ཡོད་པའི་སྐོར་གྱི་གནས་ཚུལ་ཐེར་འདོན་ཐེངས་མང་བྱས་པས། ༢༠༢༢ ལོར་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་ཁོ་མོར་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལ་བརྩི་སྲུང་མ་བྱས་པའི་ཉེས་མིང་འོག་ཉིན་གྲངས་བཅུའི་རིང་བཀག་ཉར་བྱས་པ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༦ ཉིན་དྲྭ་ལམ་དུ་རྒྱ་གཞུང་དང་ལས་བྱེད་པའི་སྐོར་ལ་གནས་ཚུལ་རྫུན་བསྒྲགས་བྱས་པའི་ཉེས་མིང་འོག་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་པས་སླར་ཡང་ཉིན་གྲངས་བཅོ་ལྔའི་རིང་བཀག་ཉར་དང་གཅར་རྡུང་བྱས་མྱོང་ཡོད་པ་མ་ཟད། ༢༠༢༣ ཟླ་ ༡༢ ཚེས་ ༡༩ ཉིན་ཡང་སྦྲ་ཆེན་རྫོང་ཉེན་རྟོག་ཁང་གིས་ཚེ་རིང་མཚོས་སྤྱི་དམངས་དང་དྲྭ་ལམ་གྱི་སྒྲིག་གཞིར་གཏོར་བརླག་བཏང་ཡོད་ཚུལ་བསྙད་དེ་བཀག་ཉར་བྱས་ཡོད་པ་རེད།
ད་ལྟ་རང་ལོ་ ༣༩ ལ་སོན་པ་ཚེ་རིང་མཚོ་ལགས་ནི་ཡུལ་སྐོར་སྣེ་ཤན་པ་ཞིག་ཡིན་པ་དང་། ཁོ་མོས་ཐེངས་མང་པོར་རྒྱ་ནག་གི་ཁྲིམས་མཐུན་མི་སེར་ཞིག་ཡིན་པའི་ཆ་ནས་བོད་རིགས་ལའང་རྒྱ་རིགས་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་དགོས་པ་སོགས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས། དབང་ཆ་ལོག་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་དང་། རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དང་བོད་མི་ཚོར་དབྱེ་འབྱེད་སོགས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་ཕྱི་བསྒྲགས་བྱས་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ཁོ་མོ་ཐེངས་མང་ལ་འཛིན་བཟུང་བྱས་རྐྱེན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཚེ་རིང་མཚོ་ཡི་བདེ་འཇགས་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱི་དང་། རྒྱ་ནག་ནང་གི་ཁྲིམས་ལྟར་འགན་སྲུང་དང་། ལྷག་པར་ཚེ་རིང་མཚོའི་དྲང་བདེན་གྱི་ཞུ་འབོད་ལ་དང་ལེན་དང་ཁོ་མོའི་བདེ་འཇགས་ཐད་འགན་འཁུར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས། འདི་ལོའི་ཕྱི་ཟླ་ ༡ དང་ཕྱི་ཟླ་ ༥ གཉིས་ཀའི་ནང་གསལ་བསྒྲགས་སྤེལ་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།