རྒྱ་ནག་གི་ཨར་ལས་འཛུགས་བསྐྲུན་གྱི་རྒྱུ་ཆ་ཞན་པའི་གནས་ཚུལ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་སློབ་གྲྭའི་འཛིན་ཁང་གསར་རྒྱགས་ཐོག་དོ་དམ་ནན་པོ་བྱ་དགོས་རྒྱུའི་འབོད་སྐུལ་གནང་འདུག
2008-12-24
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གིས་ཨར་ལས་འཛུགས་སྐྲུན་གྱི་རྒྱུ་ཆའི་ཐོག་བཏང་འཛིན་ནན་པོ་མ་བྱུང་བའི་རྐྱེན་གྱིས་ད་ལོ་རྒྱ་ནག་ནང་རང་བཞིན་འབྱུང་བའི་གོད་ཆགས་སྐབས་སློབ་ཁང་མང་པོ་ཞིག་རལ་དུ་ཕྱིན་ནས་སློབ་ཕྲུག་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཐབས་སྡུག་དེ་ལྟ་བུ་བྱུང་བའི་རྗེས་ཁ་ས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་སླད་ཕྱིན་ཕྲུ་གུའི་སྲོག་ལ་ཉེན་ཁ་མི་ཡོང་བའི་སློབ་གྲྭའི་འཛིན་ཁང་གསར་རྒྱགས་ཐོག་དོ་དམ་ནན་པོ་བྱ་དགོས་རྒྱུའི་འབོད་སྐུལ་གནང་འདུག

ད་ལོ་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ཚབས་ཆེའི་ས་ཡོམ་གྱི་གོད་ཆགས་ཕོག་པའི་ནང་མི་གྲངས་ཁྲི་བརྒྱད་ཙམ་ལ་སྲོག་སྐྱོན་བྱུང་བའི་ནང་ཕྲུ་གུ་སྟོང་ཕྲག་མང་པོ་ཡོད་པ་རེད། ས་ཡོམ་རྒྱབ་པའི་སྐབས་སུ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་སློབ་གྲྭ་ཆེ་ཆུང་གྲངས་ཆིག་ཁྲི་ཉིས་སྟོང་ཙམ་ཞིག་རྩ་མེད་དུ་ཕྱིན་པ་དང་ཁྱོམ་མཚེས་ཀན་སུ་ཞིང་ཆེན་ནང་སློབ་གྲྭ་དྲུག་སྟོང་ལྔ་བརྒྱ་བཞིག་རལ་དུ་ཕྱིན་ཡོད་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་རོགས་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་གནང་འདུག ཕྲུ་གུའི་ཕ་མ་ཚོས་བརྗོད་ཡག་ལ་སློབ་ཁང་དེ་ཚོ་ཞིག་རལ་འགྲོ་བདེ་པོ་བྱུང་བ་དེ་ནི་སློབ་གྲྭ་དོ་དམ་བྱེད་མཁན་ཚོས་འཛིན་སྐྱོང་ལ་སྐྱོན་ཆ་ཆེན་པོ་ཡོད་པ་མ་ཟད་འབྲེལ་ཡོད་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ཤུགས་ཆེ་བྱས་པའི་ཉེར་ལེན་ལ་བརྟེན་ནས་སློབ་གྲྭ་ཁག་གི་ཨར་ལས་རྒྱུ་ཆའི་ཐོག་དོ་དམ་ཡག་པོ་བྱེད་ཐུབ་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་རྒྱ་ནག་གཞུང་གིས་སློབ་གྲྭ་དེ་ཚོ་བསྐྱར་དུ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་རེད།

དེ་བཞིན་འབར་མའི་ནང་ད་ལོ་ཕྱི་ཟླ་ལྔ་པའི་ཚེས་གསུམ་ཉིན་མཚོ་རླུངས་དྲག་པོ་བརྒྱབ་ནས་གནོད་སྐྱོན་ཕོག་པའི་སློབ་གྲྭ་བཞི་སྟོང་ཙམ་ལ་ཞིག་གསོ་དང་བསྐྱར་དུ་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད་པ་དང་ཡང་པ་ཀི་སི་ཐན་ནང་ཁ་སྔོན་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་དགུ་ཉིན་སྦ་ལུ་ཅི་སི་ཐན་ས་ཁུལ་དུ་ས་ཡོམ་བརྒྱབ་ནས་སློབ་གྲྭ་བཞི་བརྒྱ་ལྷག་ཙམ་ལ་གནོད་སྐྱོན་བྱུང་ནས་དེའི་ནང་གི་སློབ་ཕྲུག་ཁྲི་གསུམ་ལྷག་ཙམ་ལ་དོ་ཕོག་བྱུང་ཡོད་པ་རེད། ད་ལོ་ཕྱི་ཟླ་བརྒྱད་པ་དང་དགུ་པ་གཉིས་ལ་ཧེ་ཏི་ཡུལ་ནང་དྲག་ཆར་རླུངས་འཚུབ་བརྒྱབ་ནས་སློབ་གྲྭ་ཆིག་སྟོང་ཙམ་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་མ་ཟད་ཉེ་བའི་ཆར་ཕྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ཨར་ལས་རྒྱུ་ཆ་ཞན་པའི་རྐྱེན་གྱིས་སློབ་གྲྭ་ཞིག་ལོག་ནས་སློབ་ཕྲུག་དང་དགེ་རྒན་དགུ་ཅུ་ལྷག་ཙམ་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཛ་དྲག་རོགས་ཚོགས་ཀྱིས་གསུངས་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།