དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས་སྐོར།

ཨ་རི་དང་ཐེ་ལྦན་གཉིས་ནས་ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་རིགས་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་གསུངས་འདུག

2009-06-25
Share

༄༅༎ཨ་རི་དང་ཐེ་ལྦན་གཉིས་ནས་ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་རིགས་ལིའུ་ཤའོ་ཕུའུ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་གསུངས་འདུག

རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་རི་ཅདྲ་བོན་གན་ནས་སྐུ་ཞབས་ལིའུ་ཤའོ་ཕུའུ་འཛིན་བཟུང་དང་ཚབས་ཆེའི་ཉེས་བཙུགས་བྱས་པའི་གནད་དོན་དེར་ཨ་རིའི་གཞུང་ནས་ཐུགས་འཚབ་ཆེན་པོ་གནང་གི་ཡོད།དེ་འདྲ་ཡིན་དུས་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་རྒྱ་ནག་མི་མང་ཚོས་སོ་སོའི་བསམ་ཚུལ་ཞི་བའི་ཐོག་ནས་ལྷུག་པོར་ཤོད་རྒྱུའི་རང་དབང་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུ་གི་ཡིན་ཞེས་གསུངས་ཡོད་འདུག དེ་དང་ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་ལིའུ་ཤའོ་ཕུའུ་ནི་སྙིང་སྟོབས་ཅན་གྱི་མི་ཞིག་རེད་ཅེས་བསྔགས་བརྗོད་གནང་བ་དང་སྦྲགས་ཁོང་འཛིན་བཟུང་བྱས་པར་རྒྱལ་སྤྱིའི་ཐོག་ནས་ངོ་རྒོལ་བྱེད་དགོས་ལུགས་གསུངས་ཡོད་པ་རེད།

ཡང་ཐེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་མཆོག་གིས་ཀྱང་སྐུ་ཞབས་ལིའུ་ཤའོ་ཕུའུ་གློད་བཀྲོལ་གཏོང་དགོས་ལུགས་གསུངས་པ་དང་ཐེ་ལྦན་མང་གཙོ་ཡང་ཐོན་ཚོགས་པའི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་རྒྱ་ནག་གཞུང་ནས་མི་མང་གི་མང་གཙོ་དགོས་ལུགས་དགོས་འདུན་བཏོན་པ་དེ་དག་ལ་ངོས་ལེན་བྱེད་དགོས་པ་ལས་རྡོག་རོལ་བཏང་བའི་བྱ་སྤྱོད་སྤེལ་རྒྱུ་མེད་ལུགས་བཀོད་འདུག

སྐུ་ཞབས་ལིའུ་ཤའོ་ཕུའུ་ནི་དེ་སྔ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་ལས་འགུལ་སྤེལ་བའི་སྐབས་མཉམ་ཞུགས་བྱེད་མཁན་གྲས་ཤིག་ཡིན་པ་དང་དེ་ནས་སྔ་ལོ་རྒྱ་ནག་གཞུང་ལ་མང་གཙོའི་དགོས་འདུན་ཡོད་པའི་ཞུ་སྙན་ཕུལ་མཁན་ཁོངས་སུ་ཡོད་པ་བཅས་ཁོང་ནས་རྒྱུན་གཏན་ནས་བརྩོམས་བྲིས་ཀྱི་ལམ་ནས་གཞུང་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཞུ་འབོད་གནང་མཁན་ཞིག་ཡིན་པ་རེད། འོན་ཀྱང་ད་རེས་འཛིན་བཟུང་བྱས་པའི་རྗེས་ཁོང་ལ་གཞུང་མགོ་རྟིང་སློག་རྒྱུའི་ངན་བྱུས་བཤམས་པའི་ཉེས་བཙུགས་བྱས་ཡོད་པར་བརྟེན་གློད་བཀྲོལ་ལམ་སེང་ཡོང་རྒྱུར་རེ་བ་དེ་ཙམ་མེད་ལུགས་ཁོང་གི་བཟའ་ཟླས་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་ནས་ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་བྱས་པ་དེ་དག་རྒྱལ་ནང་གི་སྲིད་བྱུས་ལ་ཐེ་བྱུས་བྱེད་ཀྱི་ཡོད་ལུགས་ཚུར་སྐྱོན་བརྗོད་བྱས་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།