རྒྱ་ནག་གཞུང་གི་སྟངས་འཛིན་དམ་དྲག་གི་སྲིད་ཇུས་ལ་སྐྱོན་བརྗོད།

རྒྱ་ནག་གཞུང་གི་སྟངས་འཛིན་དམ་དྲག་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་མཐོ་སློབ་ཁང་ཞིག་གི་དགེ་རྒན་ཨ་རིའི་མི་སེར་ཡིན་པ་ཞིག་གི་ལས་ཀ་ཤོར་འདུག
Christopher Balding ནི་པེ་ཅིང་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ ཧྲན་ཀྲན་ནང་ཡོད་པའི་ HSBC ཚོང་རིག་སློབ་གྲྭའི་ནང་འདས་པའི་ལོ་དགུའི་རིང་སློབ་དཔོན་ལས་རོགས་ཀྱི་ཕྱག་ལས་གནང་ཡོད་ཅིང་། འོན་ཀྱང་ཁོང་ནི་རྒྱ་ནག་གི་ཤེས་ཡོན་ལས་རིགས་ཐོག་སྟངས་འཛིན་དམ་དྲག་ཅན་གྱི་སྲིད་ཇུས་ལ་འགག་པ་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་གི་དྲ་རྒྱའི་དོ་ར་བརྒྱུད་ཁོང་ཕྱག་ལས་གནང་སའི་སློབ་གྲྭ་དེས་ལས་ཀའི་དུས་ཡུན་ཕར་རྒྱངས་ཀྱི་གན་རྒྱ་བསྐྱར་གསོ་བྱས་མེད་པ་གཟའ་མིག་དམར་ཉིན་གསལ་བཤད་གནང་ཡོད་ཅིང་། པེ་ཅིན་སློབ་གྲྭ་ཆེན་མོས་ཁོང་མུ་མཐུད་ནས་དགེ་རྒན་དུ་གནས་རྒྱུའི་གན་རྒྱ་བསྐྱར་གསོ་བྱེད་རྒྱུ་མིན་ལུགས་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་སྔོན་བརྡ་བཏང་ཟིན་ཡོད་པ་དང་། སྐུ་ཞབས་ Balding གྱིས་སྔོན་བརྡ་དེའི་ནང་གཞུང་འབྲེལ་གྱི་རྒྱུ་མཚན་ཞིག་སྤྲད་ཡོད་ན་ཡང་། དངོས་ཡོད་རྒྱུ་མཚན་གཞན་ཞིག་ཡོད་པ་དེ་ཤེས་རྟོགས་ཡོད་ཅེས་བརྗོད་འདུག
སྔ་ལོ་ཕྱི་ཟླ་བརྒྱད་པའི་ནང་་ཁོང་གིས་ ཀེམ་སྦིརིཇ་མཐོ་རིམ་སློབ་གྲྭའི་དཔར་བསྐྲུན་ཁང་ལ་རྒྱ་ནག་གཞུང་གིས་སྣོན་ཤུགས་སྤྲད་དེ། དཔར་བསྐྲུན་ཁང་དེས་མཁས་པའི་བརྩོམ་ཡིག་མང་དག་ཞིག་དཔར་འགྲེམ་མི་བྱེད་རྒྱུའི་གནས་སྟངས་ཆགས་པའི་རྗེས། སྐུ་ཞབས་ Balding གྱིས་ཀེམ་སྦིརིཇ་མཐོ་རིམ་སློབ་གྲྭའི་དཔར་བསྐྲུན་ཁང་ལ་རྒྱ་ནག་གི་སྣོན་ཤུགས་ལ་བདག་སྤྲོད་བྱེད་རྒྱུ་མེད་པའི་མང་ཚོགས་ཀྱི་རྒྱབ་སྐྱོར་མིང་རྟགས་བསྡུ་བའི་ལས་འགུལ་ཞིག་སྤེལ་ཡོད་ལ། ཁོང་གི་རྒྱ་ནག་གི་ཚོང་དང་དཔལ་འབྱོར་གྱི་སྲིད་ཇུས་དང་མི་དམངས་ཀྱི་ཐོག་རྟོག་ཞིབ་དང་ཤེས་ཡོན་ལས་རིགས་ཐོག་སྟངས་འཛིན་དམ་དྲག་གི་སྲིད་ཇུས་སོགས་ལ་བསྟུད་མར་སྐྱོན་བརྗོད་གནང་མཁན་ཞིག་ཡིན་འདུག་ཅིང་། ཁོང་གི་ཊུ་ཊར་དྲ་ལམ་ཐོག་རྗེས་མཇུག་པ་མི་ཆིག་ཁྲི་བདུན་སྟོང་ཙམ་ཡོད་འདུག་པར་མ་ཟད། རྒྱུན་དུ་ Bloomberg དཔལ་འབྱོར་གསར་ཤོག་ཐོག་གནས་ཚུལ་འབྲི་བརྩོམ་གནང་མཁན་ཞིག་ཀྱང་ཡིན་འདུག
ཁོང་གིས་རྒྱ་ནག་ནང་དགེ་རྒན་བྱེད་པའི་སྐབས་གནས་ཚུལ་ཁ་ཤས་བརྗོད་མི་ཆོག་པའི་ཚད་བཀག་ཡོད་པ་དཔེར་ན་། ཐེ་ཝན་དང་ གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནད་དོན། བོད་དང་རྒྱ་ནག་གུང་ཁྲན་ཚོགས་པ་སོགས་ཀྱི་སྐོར་བརྗོད་ཆོག་གི་མེད་པ་གསུངས་འདུག