ཨ་རིའི་གཞུང་ཚབ་ནས་རི་ཆརཌ་གྷེ་ཡར་ལ་གསོལ་སྟོན་བཤམས་པ།


2017.01.28
རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་ནས་རི་ཆརཌ་གྷེ་ཡར་ལ་གསོལ་སྟོན་བཤམས་པ། རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་ནས་རི་ཆརཌ་གྷི་ཡར་ལ་གསོལ་སྟོན་ཞིག་བཤམས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཀྱང་གདན་ཞུ་ཆེད་ཕེབས་གནང་ཡོད་པ།
རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ ཀི་རན་རི་ཇི་ཇུ་མཆོག་གི་ཊུཡི་ཊར།

༄༅། །ཉེ་འཆར་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་རྒྱ་གར་ནང་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ རི་ཆརཌ་ཝར་མ་ལགས་ནས་ཁོང་གི་གྲོགས་པོ་ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་རི་ཆརཌ་གྷི་ཡར་ལ་གསོལ་སྟོན་ཞིག་བཤམས་པའི་སྐོར་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ ཀི་རན་རི་ཇི་ཇུ་ལགས་ནས་ཕྱི་ཚེས་ ༢༧ ཉིན་ཀྲུ་ཀྲར་དང་ངོ་དེབ་འབྲེལ་མཐུད་དྲ་ལམ་ཁག་གི་ཐོག་གནས་ཚུལ་བཀོད་སྤེལ་གནང་ཡོད་ཅིང་། རྒྱ་གར་གྱི་ཧིན་དྷུ་ཉིན་རེའི་གསར་ཤོག་གིས་ཀྱང་འདིའི་སྐོར་གནས་ཚུལ་ཞིག་དེ་རིང་ཕྱི་ཚེས་ ༢༨ ཉིན་འདོན་སྤེལ་བྱས་ཡོད་པ་རེད།
རྒྱ་གར་གྱི་ཧིན་དྷུ་ཉིན་རེའི་གསར་ཤོག་ཞེས་པ་དེའི་ནང་། རི་ཇི་ཇུས་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོའི་བོད་དོན་ཐད་ཀྱི་གསོལ་སྟོན་སྐོར་ཀྲུ་ཀྲར་དྲ་ལམ་ཐོག་གནས་ཚུལ་བཀོད་སྤེལ་བྱས་པ་ཞེས་འགོ་བརྗོད་དུ་བཀོད་འདུག་ཅིང་། འདིའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་སུ་ཞལ་པར་ཐོག་བཀའ་འདྲི་ཞུས་པར་ཁོང་གིས། ཨ་མི་རི་ཀའི་གཞུང་ཚབ་ཁང་གི་གསོལ་སྟོན་དེ་གཙོ་བོ་གཞུང་ཚབ་ཆེན་མོའི་ངོས་ནས་ཁོང་གི་གྲོགས་པོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆརཌ་གྷིཡར་ལ་ཆེ་བསྟོད་ཞུས་པ་ཞིག་ཡིན་པ་གསལ་བཤད་གནང་ཞིང་། ད་དུང་སྐོུ་དངོས་གྲུབ་ལགས་ཀྱིས་གསོལ་སྟོན་དེའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེངྒེ་ལགས་དང་། བཀའ་ཟུར་བསྟན་པ་ཚེ་རིང་ལགས། ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ ཀི་རན་རི་ཇི་ཇུ་དང་རྒྱ་གར་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་གནད་ཡོད་ལས་བྱེད་པ་སོགས་ཁྱོན་བསྡོམས་མི་གྲངས་ཉི་ཤུ་ལྷག་ཆེད་ཕེབས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གསོལ་སྟོན་དེའི་སྐབས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཆརཌ་གྷི་ཡར་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་པའི་ཐོག་ནས་འཛམ་གླིང་ནང་ཆོས་ལུགས་མཐུན་བསྒྲིལ་འབྱུང་ཐབས་དང་། བྱམས་པ་དང་བརྩེ་བ་སོགས་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་གནང་མཛད་རྒྱུ་སོགས་ཀྱི་རླབས་ཆེན་གྱི་དགོངས་པ་ཁག་གསལ་བཤད་གནང་པ་དང་ཆབས་གཅིག། ཨ་མི་རི་ཀའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དེ་དག་གྲུབ་ཐབས་སུ་ཞོགས་འདེགས་ཆེ་ཙམ་ཞུ་དགོས་པའི་སྐུལ་མ་ཡང་གནང་འདུག།

ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ རི་ཆརཌ་ ཝར་མ་མཆོག་ནས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆརཌ་གྷི་ཡར་ལ་ཆེ་བསྟོད་ཀྱི་གསོལ་སྟོན་ཞིག་བཤམས་པའི་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱང་གདན་ཞུ་ཆེད་ཕེབས་ཡོད་པ་དེར་དེ་རིང་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་སུ་འདྲ་ཞིག་གིས་བོད་ཀྱི་གནད་དོན་བེད་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་ཀྱང་དེར་རྒྱ་ནག་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རྒྱ་གར་གྱི་ PTI གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཡིག་ཐོག་ནས་ངོ་རྒོལ་གྱི་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་། ཡུལ་གྲུ་སུ་འདྲ་ཞིག་གི་ཀྱང་བཙན་བྱོལ་བོད་གཞུང་ཞེས་པ་ཞིག་ངོས་ལེན་བྱེད་ཀྱི་མེད་པ་རེད་ཅེས་དང་། དེར་བརྟེན་ང་ཚོའི་ངོས་ནས་ཡུལ་གྲུ་སུ་འདྲ་ཞིག་གི་དཔོན་རིགས་ནས་ངོ་བོ་དང་རྣམ་པ་གང་གི་ཐོག་ནས་ཁོང་ཚོ་དང་ཐུགས་འཕྲད་བྱས་ཀྱང་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག།
གསོལ་སྟོན་དེའི་ཐོག་ཆེད་ཕེབས་ཡོད་པ་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་ཀི་རན་ རི་ཇི་ཇུ་མཆོག་ནས་ཁོང་གི་ཀྲུ་ཀྲར་དང་ངོ་གདོང་འབྲེལ་འཐུད་དྲ་ལམ་ཐོག་གསོལ་སྟོན་སྐབས་ཀྱི་འདྲ་པར་འགའ་ཤས་འདོན་སྤེལ་གནང་པ་དེའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱང་མཇལ་རྒྱུ་ཡོད་པ་རེད།

རྒྱ་གར་གྱི་ཧིན་དྷུ་གསར་ཤོག་ནང་གནས་ཚུལ་བཀོད་པ་དེའི་ནང་། ལྡི་ལིའི་སྐུ་ཚབ་དོན་གཅོད་ཟུར་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་གསར་ཤོག་ལས་ཁང་དེར་གསུངས་པ་ཞིག་ལུང་འདྲེན་བྱས་འདུག་པ་དེའི་ནང་སྐོུ་བསྟན་པ་ཚེ་རིང་ལགས་ཀྱིས། གསོལ་སྟོན་འདི་ལྟ་བུས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་གནད་དོན་གྱི་ནང་ནུས་པ་ལྡན་པའི་ཐོག་ནས་གནས་ཡོད་པ་མཚོན་གྱི་ཡོད་ལ། ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་ ཌོ་ནལཌ་ཀྲརམཔ་མཆོག་གི་སྲིད་གཞུང་ནས་ཀྱང་བོད་དོན་ཐད་མུ་འཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་འདུག། སྐོུ་བསྟན་པ་ཚེ་རིང་ལགས་སུ་འདིའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་དྭོགས་གཅོད་ཞུ་ཆེད་ཞལ་པར་ཐོག་འབྲེལ་བ་ཞུ་ཐབས་ཞུས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་།
ཨ་རིའི་གཞུང་ཚབ་ཆེན་མོ་ཕྱི་ལོ་ ༢༠༡༦ ལོའི་ནང་སྐུ་སྒེར་གྱི་ཐོག་ནས་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་ལ། དེ་བཞིན་སྔ་ལོ་ཕྱི་ཟླ་ ༡༠པའི་ནང་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཏ་ཝང་དུས་སྟོན་སྐབས་འཚམས་གཟིགས་སུ་ཕེབས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཧ་ཅང་ཆེན་པོ་བྱས་ཅིང་། རྒྱ་གར་གཞུང་གིས་ཨ་རིའི་གཞུང་ཚབ་ཆེན་མོ་རྒྱ་གར་གྱི་ས་ཁུལ་ཞིག་ཏུ་འཚམས་གཟིགས་གནང་པ་དེ་ནི་སྤྱིར་བཏང་མ་ཡིན་པའི་གནས་ཚུལ་གང་ཡང་མེད་པའི་ལུང་འདྲེན་གནང་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎