ཨ་རིས་བོད་རྒྱ་གྲོས་མོལ་གྱི་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་པ།


2016-10-12
Share
ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༢།༡༤ ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༢།༡༤
པར། AFP

བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་གཅིག་པུ་དེ་ནི་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུ་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུའི་འདུན་པ་རྩ་བ་ནས་གནང་གི་མི་འདུག་ཅེས་ཨ་མི་རི་ཀའི་གཞུང་གིས་བོད་རྒྱ་གྲོས་མོལ་གྱི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་འཁོད་འདུག
དེ་ཡང་ཨ་རིའི་གཞུང་གིས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་གྱི་གནས་སྟངས་སྐོར་སྙན་ཐོ་ཐེངས་༡༤་པ་དེ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་རྒྱུ་མཚན་གསལ་བཤད་མེད་པའི་ཐོག་བོད་རྒྱ་གྲོས་མོལ་གནང་རྒྱུར་དོ་སྣང་རྩ་བ་ནས་གནང་གི་མེད་པ་དང་། དེ་ནི་ཨ་མི་རི་ཀ་དང་རྒྱལ་སྤྱིའི་ངོས་ནས་རེ་བ་བྱས་པའི་ལྡོག་ཕྱོགས་ཤིག་ཡིན་པ། ཨ་རིའི་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་རྒྱུར་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་སྙན་ཐོ་དེའི་ནང་བཀོད་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་༢༠༠༢་ལོར་གཏན་འབེབས་གནང་བའི་ཁྲིམས་གཞི་གཞིར་བཟུང་ལོ་ལྟར་བོད་རྒྱ་འབྲེལ་མོལ་ལམ་གྲོས་མོལ་གྱི་གནས་སྟངས་ག་བར་སླེབས་ཡོད་མེད་ཀྱི་སྙན་ཐོ་ལོ་ལྟར་འདོན་སྤེལ་གནང་དགོས་པ་ཞིག་ཡིན་པ་རེད།
འདི་ལོའི་སྙན་ཐོ་དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerry་མཆོག་གིས་གྲོས་ཚོགས་སུ་ཕུལ་ཡོད་འདུག སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་མ་གནང་བ་ཡིན་ན། དེས་རྐྱེན་པས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལའང་བགེགས་སྐྱོན་ཡོང་རྒྱུ་མ་ཟད། ཨ་རི་དང་ལྷན་དུ་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་མུ་མཐུད་བཟང་དུ་གཏོང་ཐབས་སུའང་འགོག་རྐྱེན་འཕྲད་ཀྱི་རེད་ཅེས་བཀོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་གཅིག་པུ་དེ་ནི་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུ་དེ་ཡིན་ལུགས་བཀོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་ཨ་རིའི་གཞུང་གིས་དོན་དང་ལྡན་པའི་རྒྱ་བོད་གྲོས་མོལ་ཡོང་ཐབས་སུ་ཐབས་ཤེས་ག་རེ་གནང་ཡོད་མེད་སྐོར་བཀོད་པའི་ནང་། ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༩་ཚེས་༢༥་ཉིན་སྲིད་འཛིན་ཨོ་བྷ་མ་Obama་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་དང་ལྷན་དུ་གསར་འགོད་ལྷན་ཚོགས་གནང་སྐབས་བོད་དོན་གླེང་སློང་གནང་ཡོད་པ་དང་། སྔ་ལོ་ཨ་རིའི་དྲུང་གཞོན་ལས་རོགས་Sewall་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཐེངས་གཉིས་ཞུས་ཡོད་པ་དང་། ཨ་རིའི་སྐུ་ཚབ་ཚོགས་ཆུང་བོད་དང་རྒྱ་ནག་ནང་ཕེབས་ནས་རྒྱ་བོད་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་སོགས་ཐབས་ཤེས་གང་ཡོང་གནང་བའི་ཞིབ་གསལ་དོན་ཚན་ལྔ་ཙམ་བཀོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།