ཨ་རིས་རྒྱ་ནག་གི་ཉེན་བརྡའི་སྐོར་གླེང་ཞིང་རྒྱ་གར་དང་བདེ་སྲུང་གྲོས་མཐུན།


2020-10-27
Share
ལྡི་ལིར་དཔོན་རིགས་རྣམ་པ་བཞིས་གསར་འགོད་ལྷན་ཚོགས་སྐབས། ༡༠།༢༧།༢༠ ལྡི་ལིར་དཔོན་རིགས་རྣམ་པ་བཞིས་གསར་འགོད་ལྷན་ཚོགས་སྐབས། ༡༠།༢༧།༢༠
AP

ཨ་རི་དང་རྒྱ་གར་བར་མིས་བཟོས་རྒྱུ་སྐར་ནས་གྲུབ་པའི་གསང་གནས་བརྗེ་ལེན་གནང་རྒྱུར་མོས་མཐུན་བྱུང་ཞིང་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་བདག་དབང་རྩོད་ལེན་ཐད་ཉེན་བརྡ་བཏང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་དང་བདེ་སྲུང་དྲུང་ཆེ་མརཀ་ཨེསི་པར་རྣམ་གཉིས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་ཞིང་། རྒྱ་གར་གྱི་ཕྱི་སྲིད་དང་བདེ་སྲུང་བློན་ཆེན་རྣམ་གཉིས་དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་ཉེན་ཁར་གདོང་ལེན་དང་བདེ་འཇགས། རང་དབང་བཅས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་རེད།
རྒྱ་གར་དང་ཨ་རིའི་དབར་གྱི་ལོ་རེའི་འཐབ་བྱུས་ཀྱི་བགྲོ་གླེང་གི་ཚོགས་འདུ་འདི་བཞིན་ཧི་མ་ལ་ཡའི་རི་བརྒྱུད་དུ། རྒྱ་གར་དང་རྒྱ་ནག་དབར་རྩོད་རྙོག་ཅི་ཆེ་འབྱུང་བཞིན་པའི་སྐབས་དང་འཁེལ་ཞིང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Subrahmanyam Jaishankar)དང་། བདེ་སྲུང་བློན་ཆེན་(Rajnath Singh)རྣམ་གཉིས་དང་མཇལ་འཕྲད་གྲུབ་རྗེས་ཨ་རིའི་ཕྱི་སྲིད་དྲུང་ཆེས་མཉམ་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། ང་ཚོ་མང་གཙོའི་ཡུལ་གྲུ་གཉིས་དང་ཆེ་ས་ནས་འཛམ་གླིང་སྤྱིའི་མི་སེར་སྲུང་སྐྱོབ་ལས་དོན་ཚགས་ཚུད་གཏོང་ཐབས་ཀྱི་བརྒྱུད་རིམ་འདིའི་ནང་གནས་ཚུལ་ཆེ་ཁག་མང་དག་ཞིག་འབྱུང་བཞིན་ཡོད་པ་གསུངས་པ་དང་། ད་དུང་ཁོང་གིས་ང་ཚོའི་མི་དམངས་དང་ང་ཚོའི་དབུ་ཁྲིད་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་ནི་མང་གཙོ་དང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས། ཕྱི་གསལ་ནང་གསལ། མཚོ་ཐོག་འགྲུལ་སྐྱོད་ཀྱི་རང་དབང་སོགས་ཀྱི་མཐུན་གྲོགས་ཤིག་མིན་པའི་མཁྱེན་རྟོགས་ཇེ་གསལ་དུ་འགྲོ་བཞིན་པ་རེད་ཅེས་གསུངས་འདུག
རྒྱ་གར་དང་ཨ་རིའི་དབར་མངའ་ཁུལ་གྱི་ས་བབས་གནས་ཚུལ་མཁོ་སྒྲུབ་བརྗེ་ལེན་དང་མཉམ་འབྲེལ་གྱི་གཞི་རྩའི་གྲོས་མཐུན་ཞེས་པར་མཚན་རྟགས་གནང་ཞིང་། འདི་ནི་ཨ་རིའི་བདེ་སྲུང་དྲུང་ཆེ་(Mark Esper)གྱིས་གལ་གནད་ཆེ་བའི་ཟིན་ཐོ་ཞིག་ཡིན་པ་དང་། འདིས་ཡུལ་གྲུ་གཉིས་བར་གྱི་དམག་དོན་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག
ད་དུང་ཨ་རིའི་བདེ་སྲུང་དྲུང་ཆེས་ཨ་རིའི་ངོས་ནས་རྒྱ་གར་ལ་མཁའ་དམག་གནམ་གྲུ་སྣོན་མ་ཚོང་བསྒྱུར་གནང་རྒྱུའི་འཆར་གཞི་ཡོད་པ་གསུངས་འདུག་ལ། གནད་དོན་དབྱེ་ཞིབ་པ་ཚོས་ཨ་རི་དང་རྒྱ་གར་དབར་བཞག་པའི་དམག་དོན་གྲོས་མཐུན་དེས་རྒྱ་གར་ལ་དགྲ་ཕྱོགས་ཀྱི་མེ་ཤུགས་འཕུར་མདེལ་དང་མཚོན་ཆ་ཐོག་པའི་མི་མེད་གནམ་གྲུ་སོགས་འགོག་རྒོལ་ཆེད་མེད་དུ་མི་རུང་བར་ངོས་འཛིན་པའི་ས་བབས་དང་མཚོ་ཐོག། མཁའ་དབྱིངས་ཀྱི་གནས་ལུགས་མཁོ་སྒྲུབ་ཀྱི་གཞི་ཡུལ་ཁག་ལ་རྟོག་ཞིབ་བྱེད་པའི་ནུས་པ་གོང་མཐོར་གཏོང་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེའི་ངོས་ནས་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ཏེ་རྒྱ་ནག་གི་ཉེན་ཁའི་གནད་དོན་ལ་རང་དབང་དང་མང་གཙོའི་ཡུལ་གྲུ་ཚོས་ཐོུང་གི་རྣམ་པའི་ཐོག་ནས་གདོང་ལེན་བྱེད་དགོས་པ་ནན་སྐུལ་གནང་བཞིན་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝན་སྦིན་གྱིས། ཨ་རིའི་ཕྱི་སྲིད་དྲུང་ཆེས་འཛམ་གླིང་གྲང་དམག་དང་བསམ་བློ་གུ་དོག་གི་བསམ་བློ་དོར་དགོས་པ་དང་།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཡི་ཤངྐར་གྱིས་གསར་འགོད་ལྷན་ཚོགས་སྐབས་རྒྱ་ནག་ཞེས་མིང་དངོས་སུ་མ་སྨོས་པའི་ཐོག་ནས། རྒྱ་གར་དང་ཨ་རིའི་དབར་གྱི་བདེ་སྲུང་དང་དམག་དོན་གྱི་འབྲེལ་ལམ་ཇེ་ཉེར་འགྲོ་བཞིན་པ་འདི་ནི། རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་། ལྷག་པར་དུ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་འཇིགས་སྐུལ་དྲག་སྤྱོད་གདོང་ལེན་དང་།
ཟླ་བ་འདིའི་ཟླ་འགོར་རྒྱ་གར་གཞུང་གིས་ལོ་ལྟར་ཨ་རི་དང་ཉེ་ཧོང་མཉམ་ཟུང་འབྲེལ་མཚོ་དམག་གི་སྦྱོར་བརྡར་བྱེད་སྲོལ་ཡོད་པ་དེའི་ནང་ཨའོསི་ཊརེ་ལི་ཡ་ཡང་མཉམ་ཞུགས་ཀྱི་མགྲོན་འབོད་བྱས་ཡོད་ཅིང་། རྒྱ་ནག་གིས་འདི་ནི་མངའ་ཁུལ་གྱི་བདེ་འཇགས་ཉམས་ཉེས་གཏོང་ཐབས་ཀྱི་ལས་འཆར་ཞིག་ཡིན་ལུགས་སྐྱོན་བརྗོད་བྱེད་བཞིན་པར་རྒྱ་གར་དང་འབྲེལ་ཡོད་ཡུལ་གྲུ་ཁག་གིས་རྩིས་འཇོག་བྱས་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎