ཨ་རིའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ཀྱི་མཇལ་འཛོམས།

2021-04-17
Share
ཨ་རིའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ཀྱི་མཇལ་འཛོམས། རྒྱ་ནག་གི་རྒྱ་སྐྱེད་འགྲོ་བཞིན་པའི་ཤུགས་རྐྱེན་ལ་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་ཆེད་ལས་དོན་མང་པོ་ཞིག་ཐོག་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པ་རེད།
རོཡི་ཊརས།

ཨ་མི་རི་ཀའི་སྲིད་འཛིན་ Biden དང་ཉི་ཧོང་གི་སྲིད་བློན་Yoshihide Suga རྣམ་གཉིས་ཀྱི་མཇལ་འཛོམས་གྲོས་མོལ་ནང་རྒྱ་ནག་གི་རྒྱ་སྐྱེད་འགྲོ་བཞིན་པའི་ཤུགས་རྐྱེན་ལ་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་ཆེད་ལས་དོན་མང་པོ་ཞིག་ཐོག་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པ་རེད།

དེ་ཡང་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་མཇལ་འཛོམས་གྲོས་མོལ་རྗེས་སུ། ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་གནད་དོན་དང་འབྲེལ་ཅུང་བར་ཐག་རིང་ཙམ་བཞུགས་ཏེ་གོ་སྒྲིག་གནང་བའི་གསར་འགོད་ལྷན་ཚོགས་ཐོག་སྲིད་འཛིན་Biden མཆོག་གིས་ཉི་ཧོང་དང་ཨ་མི་རི་ཀའི་འབྲེལ་བ་དེ་ལྕགས་ཀྱི་སྡམ་པ་དང་མཚུངས་པའི་འབྲེལ་ལམ་དམ་གཟབ་ཞིག་ཡིན་པ་དང་། ང་ཚོས་དུས་རབས་༢༡པ་དེ་དམངས་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཚོས་མུ་མཐུད་འཛམ་གླིང་ནང་འགྲན་བསྡུར་གྱིས་རྒྱལ་ཁ་སོན་ཐུབ་ཀྱི་ཡོད་པ་དེ་གསལ་སྟོན་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཉི་ཧོང་གི་སྲིད་བློན་Yoshihide Suga མཆོག་གིས་ཉི་ཧོང་དང་ཨ་མི་རི་ཀ་གཉིས་ཀྱི་མནའ་འབྲེལ་དེ་ནི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་དབང་འཛིན་བཅས་པའི་ཀུན་ཁྱབ་ཀྱི་རིན་ཐང་རྩ་ཆེར་འཛིན་པའི་མནའ་འབྲེལ་ཞིག་ཡིན་པ་དང་། མནའ་འབྲེལ་འབྲེལ་བ་དེ་ནི་མངའ་ཁུལ་སྤྱི་ལ་ཞི་བདེ་བརྟན་ལྷིངས་ཀྱི་གཞི་གཏན་གཙོ་བོ་ཞིག་ཡིན་པ་གསུངས་ཡོད་པ་རེད།

དབུ་ཁྲིད་རྣམ་གཉིས་ཐོུང་གི་བསྒྲགས་གཏམ་གསལ་བསྒྲགས་གནང་བའི་ནང་། རྒྱ་ནག་གིས་མཚོ་ཐོག་ཁག་ཏུ་ལས་དོན་སྤེལ་བ་ཁག་ལ་བློ་འཚབ་གསལ་སྟོན་དང་སྦྲགས། རྒྱ་ནག་གིས་ཐེ་ཝན་མཚོ་རྒྱུད་དང་། གཞན་ཡང་ཧོང་ཀོང་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བཏང་བའི་གནད་དོན་ཁག་གི་ཐད་རྒྱ་ནག་དང་སྦས་གསང་མེད་པར། གནད་དོན་དྲང་པོར་གྲོས་མོལ་བྱ་རྒྱུ་ཡིན་པ་གསལ་སྟོན་དང་། ཡང་རྒྱལ་ཁབ་གཉིས་ནས་རྒྱལ་སྤྱིའི་ཐོག་རང་གི་འཛུགས་བསྐྲུན་ལས་གཞིའི་ཚད་གཞི་གོང་མཐོར་གནས་ཐབས་སུ་ཨ་མི་རི་ཀས་མ་གནས་ཨ་སྒོར་འཐེར་འབུམ་གཉིས་དང་ཕྱེད་དང་། ཡང་ཉི་ཧོང་གིས་ཨ་སྒོར་འཐེར་འབུམ་གཉིས་བཏོན་ཏེ་5Gདང་6G བཅས་པའི་མྱུར་ཚད་ཆེ་བའི་དྲ་རྒྱའི་གློག་འཕྲིན་གྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུར་མཉམ་རུབ་ཐོག་འཛུགས་བསྐྲུན་ལས་གཞི་སྤེལ་རྒྱུ་སོགས་ནང་དོན་ཁག་ཅིག་གསལ་སྟོན་གནང་ཡོད་པ་རེད།

རྒྱལ་ས་Washington དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱིས་ཨ་མི་རི་ཀའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་གཉིས་ཀྱི་གྲོས་མོལ་དེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་རྒྱ་ལས་བརྒལ་ཏེ་རྒྱལ་ཁབ་གསུམ་པ་ཞིག་གནད་དོན་ལ་ཐེ་ཇུས་བྱེད་ཀྱི་ཡོད་པས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་ཉི་ཧོང་གི་སྲིད་བློན་མཆོག་ཨ་མི་རི་ཀར་མགྲོན་འབོད་ཀྱིས་མཇལ་འཛོམས་གྲོས་མོལ་ལ་བཞུགས་པ་དེ་ནི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་སྲིད་འཛིནBidenམཆོག་ནས་གཞུང་འཛིན་འགན་འཁུར་བཞེས་པའི་དུས་ཡུན་ཟླ་བ་གསུམ་གྱི་ནང་ཚུད་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དངོས་སུ་མཇལ་འཛོམས་གྲོས་མོལ་གནང་བ་ཐོག་མར་དེ་ཡིན་པ་དང་། ཡང་ཟླ་བ་རྗེས་མ་ལྷོ་ཀོ་རི་ཡའི་སྲིད་འཛིན་Moon Jae-inམཆོག་ཨ་མི་རི་ཀར་མགྲོན་འབོད་ཀྱིས་མཇལ་འཛོམས་གྲོས་མོལ་གཉིས་པ་དེ་གནང་གི་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།