ཨ་རིས་ཐེ་ཝན་ལ་མཁའ་དམག་གནམ་གྲུ་ཕྱིར་ཚོང་ཆོག་རྒྱུའི་འབོད་སྐུལ།


2018-03-27
Share
ཨ་རིའི་(F-35)རྟགས་ཅན་གྱི་མཁའ་དམག་གནམ་གྲུ ཨ་རིའི་(F-35)རྟགས་ཅན་གྱི་མཁའ་དམག་གནམ་གྲུ
པར་ཚགས།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ཨ་རིས་ཐེ་ཝན་ལ་(F-35)རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཕྱིར་ཚོང་ཆོག་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག  
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ཐེ་ཝན་ནང་དམངས་གཙོའི་ལམ་ལུགས་མུ་མཐུད་རྒྱུན་གནས་ཐུབ་པའི་ཆེད་ཨ་རི་གཞུང་གིས་མཚོ་གླིང་རྒྱལ་ཁབ་དེར་(F-35)རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཕྱིར་ཚོང་ཆོག་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག  དེ་ཡང་ཕྱི་ལོ་ ༢༠༡༦ ལོའི་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་ཐེ་ཝན་རང་བཙན་འདོད་མཁན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ལྕམ་(Tsai Ing-wen) སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་མི་དགའ་བའི་སྡང་སེམས་ཆེན་པོ་བྱས་དང་བྱེད་བཞིན་པ་མ་ཟད། ཉེ་ལམ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་གཏམ་བཤད་ནང༌། སྲིད་འཛིན་ཞི་ཅིང་ཕིང་གིས་ཐེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་མཚོ་གླིང་དེ་ནམ་ཡང་རྒྱ་ནག་ནས་ཁ་བྲལ་དུ་འཇུག་རྒྱུ་མིན་པ་དང༌། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཏུ་གནས་ཐུབ་པ་ཡོང་རྒྱུར་གལ་སྲིད་དགོས་ངེས་བྱུང་ན་དྲག་པོའི་ཐབས་ལམ་ཡང་ལག་བསྟར་བྱ་རྒྱུ་ཡིན་པའི་སྡིག་སྐུལ་བྱས་ཡོད་པ་རེད། ཟླ་བ་འདིའི་ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ (John Cornyn) དང༌། (James Inhofe) རྣམ་གཉིས་ཀྱིས་སྲིད་འཛིན་(Donald Trump) ལ་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་བའི་ནང༌། རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་དྲག་པོའི་སྡུག་སྐུལ་བྱེད་བཞིན་པ་མ་ཟད། སྔར་དང་མི་འདྲ་བ་དེང་སྐབས་རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་ཆེ་རུ་ཕྱིན་ཏེ་ཐེ་ཝན་ལ་དམག་འཐབ་བྱེད་རྒྱུའི་ནུས་པ་ཡང་ཡོད་པར་སོང། རྒྱ་ནག་གི་དྲག་པོའི་ཉེན་ཁར་གདོང་ལེན་བྱེད་ཐུབ་པའི་ཐོག་ནས་མཚོ་གླིང་རྒྱལ་ཁབ་དེའི་ནང་ད་ཡོད་ཀྱི་དམངས་གཙོའི་ལམ་སྲོལ་མུ་མཐུད་ཉར་ཚགས་དང་རྒྱུན་འཁྱོངས་ཐུབ་པ་ཡོང་རྒྱུར་ཨ་རི་གཞུང་གིས་ཐེ་ཝན་ལ་(F-35) རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་འགྲེམ་བྱེད་ཆོག་པའི་བཀའ་འཁྲོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།