རྒྱ་ནག་གི་དཔོན་རིགས་བཅུ་བཞི་ལ་ཨ་མི་རི་ཀས་ཉེས་ཆད་བཀེལ་འདུག

2020.12.07
རྒྱ་ནག་གི་དཔོན་རིགས་བཅུ་བཞི་ལ་ཨ་མི་རི་ཀས་ཉེས་ཆད་བཀེལ་འདུག རྒྱ་ནག་གི་སྲིད་འཛིན་ཞེ་དང་སྲིད་བློན་ལེ་གཉིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ༣།༢༨།༢༠༢༠
Photo: RFA

ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་དཔོན་རིགས་བཅུ་བཞི་ལ་ཧོང་ཀོང་གི་དམངས་གཙོའི་ཐོག་དམ་དྲག་བྱེད་བཞིན་པའི་ཉེར་ལེན་གྱིས་དཔལ་འབྱོར་དང་འགྲིམ་གྲུལ་བཀག་འགོག་གི་ཉེས་ཆད་བཀེལ་འདུག
འདི་ཚེས་༧རེས་གཟའ་ཟླ་བའི་ཉིན། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་དཔོན་རིགས་བཅུ་བཞི་ལ་ཧོང་ཀོང་གི་དམངས་གཙོའི་ཐོག་དམ་དྲག་བྱེད་བཞིན་པའི་ཉེར་ལེན་གྱིས་ཨ་རིར་ཡོང་རྒྱུར་དཔལ་འབྱོར་དང་ཐོངས་མཆན་(Visa)བཀག་སྡོམ་གྱི་ཉེས་ཆད་བཀེལ་བ་གསལ་བསྒྲགས་བྱས་ཡོད་ཅིང་། དཔོན་རིགས་དེ་ཚོ་ནི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཞོན་ཁག་དང་། དེ་མིན་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཁག་ཅིག་ཡིན་པ་རེད།
འདིའི་གོང་ཕྱི་ཟླ་ ༨ ནང་ཨ་རིའི་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་པ་ཀེ་རི་ལེམ་དང་ཉེན་རྟོག་དཔུང་སྡེ་སྤྱི་ཁྱབ་པ་སོགས་འགོ་ཁྲིད་ཁག་གཅིག་གི་ཐོག་ལ་ཡང་དཔལ་འབྱོར་དང་འགྲིམ་གྲུལ་གྱི་ཉེས་ཆད་བཀེལ་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་ལགས་ཀྱི་མཚན་ཐོག་ནས་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་། རྒྱ་ནག་པེ་ཅིང་གཞུང་གིས་ཧོང་ཀོང་གི་མང་གཙོའི་བརྒྱུད་རིམ་ཐོག་འཛེམ་ཟོན་མེད་པའི་ཐོག་ནས་རྒོལ་རྡུང་བཏང་ཞིང་། ཧོང་ཀོང་གྲོས་ཚོགས་འདི་ཁ་གཏད་ཤོག་ཁག་དང་དབང་ཚད་མེད་པ་མིང་ཙམ་ཅན་ཞིག་བཟོས་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་གིས་རྒྱ་ནག་ཐོག་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀའི་ཐོག་ནས་གདོང་ལེན་ཆེ་བའི་སྲིད་ཇུས་བཟུང་ཡོད་པ་དང་། ཐེངས་འདིའི་ཐག་གཅོད་དེ་ཡང་སྲིད་འཛིན་ཏྲམཔ་གྱི་སྲིད་དབང་འཁྱུར་བའི་རྗེས་སུ་ཡང་ཨ་རིས་རྒྱ་ནག་ཐོག་བཟུང་བའི་མཁྲེགས་བཟུང་གི་སྲིད་ཇུས་འདི་མུ་འཐུད་གནས་ཐབས་ཀྱི་འབད་བརྩོན་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
དེ་བཞིན་མིང་འདོན་གནང་འདོད་མེད་པའི་ཨ་མི་རི་ཀའི་གཞུང་གི་དཔོན་རིགས་ཁག་ཅིག་གིས། གོང་ཞུས་དཔལ་འབྱོར་གྱི་ཉེས་ཆད་དེ་དག་རྒྱ་ནག་ནང་གི་དཔོན་རིགས་ཙམ་མ་ཟད། ཧོང་ཀོང་ནང་གི་རྒྱ་ནག་གི་དཔོན་རིགས་ཁག་ལ་ཉེས་ཆད་དེ་དག་བཀལ་སྲིད་པའི་སྐོར་ཡང་གསུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་མང་གཙོའི་ལས་འགུལ་བ་འཇུ་བཟུང་བཙོན་བཅུག་སོགས་དམ་དྲག་གི་ལས་དོན་ཤུགས་ཆེ་སྤེལ་བར་འཛམ་གླིང་མང་གཙོའི་ཡུལ་གྲུ་ཁག་གིས་ངོ་རྒོལ་དང་སྐྱོན་བརྗོད་ཆེན་པོ་བྱས་ཤིང་། ད་རེས་ཨ་རིའི་གཞུང་གིས་དཔལ་འབྱོར་དང་ཨ་རིའི་ནང་ཡོང་རྒྱུའི་འགྲིམ་གྲུལ་དམ་དྲག་གི་ཉེས་ཆད་དེ་དག་མིང་འདོན་བྱས་པའི་དཔོན་རིགས་བཅུ་བཞི་པོ་གཅིག་པུ་མ་ཡིན་པར་ཁོང་ཚོའི་ནང་མི་ཉེ་འབྲེལ་གྱི་ཐོག་ལ་ཡང་དེ་མཚུངས་ཉེས་ཆད་ཕོག་རྒྱུ་ཡིན་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎