ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་ཐེ་ཝན་ནང་གཟིགས་སྐོར་གནང་བཞིན་འདུག

2023.04.07
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་ཐེ་ཝན་ནང་གཟིགས་སྐོར་གནང་བཞིན་འདུག ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐེ་ཝན་ནང་འཚམས་གཟིགས་སྐབས། ༠༤།༠༧།༢༠༢༣
REUTERS

དེ་ཡང་རོཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Michael McCaul)་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་ཉིན་གྲངས་གསུམ་རིང་གི་རྒྱལ་དོན་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་གསར་འགོད་པ་ཚོར་སྐུ་ཞབས་(Michael McCaul)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་གནས་སྟངས་ལ་བརྟེན་ཐེ་ཝན་ལ་གོ་མཚོན་གྱི་མཐུན་འགྱུར་སྦྱོར་སྤྲོད་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་ཁོང་གིས་ཐེ་ཝན་གྲོས་ཚོགས་ནང་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བའི་སྐབས་སུ། མཛེས་སྡུག་ལྡན་པའི་ཐེ་ཝན་གླིང་ཕྲན་འདིའི་ཐོག་རྒྱ་ནག་གཞུང་གིས་དྲག་རྒོལ་བྱེད་རྒྱུ་འགོག་ཐབས་སུ། ང་ཚོས་ཐེ་ཝན་ལ་དགོས་ངེས་ཀྱི་གོ་མཚོན་མཁོ་སྤྲོད་གང་མགྱོགས་བྱེད་ཐུབ་པ་བྱེད་རྒྱུ་ཡིན་ལ་རྒྱ་ནག་གིས་ཐེ་ཝན་གྱི་ཐོག་ཚུར་རྒོལ་བྱས་པ་ཡིན་ན། དེ་ནི་ཚབས་ཆེའི་ནོར་འཁྲུལ་ཞིག་ཆགས་རྒྱུ་ཡིན་ལུགས་གསུངས་ཏེ། ཁོང་གིས་ཨ་རིས་ཐེ་ཝན་སྲུང་སྐྱོབ་ཆེད་གོ་མཚོན་ཚོང་འབྲེལ་གྱི་ལས་དོན་དེ་མགྱོགས་སུ་གཏོང་ཐབས་གནང་གི་ཡིན་ཞེས་ནན་བརྗོད་གནང་ཡོད་འདུག

2023-04-07T033934Z_1101184556_RC2F90A48G46_RTRMADP_3_TAIWAN-USA.JPG
ཡང་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་(You Si-kun)་ལགས་ཀྱིས། ཐུན་མོང་གི་གསར་འགོད་ལྷན་ཚོགས་ཐོག ཁོང་རང་ཉིད་ཀྱིས་ཚོགས་གཙོའི་ཐུགས་འགན་མ་བཞེས་པའི་གོང་སྔ་ལོ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མ་ཡེ་ཀལ་མེ་ཀོལ་ལགས་ཐེ་ཝན་དུ་ཕེབས་རྒྱུའི་མགྲོན་བརྡ་ཕུལ་ཡོད་ཅེས་གསུངས་པ་དང་ཆབས་ཅིག ར་ཤེ་ཡའི་སྲིད་འཛིན་པུ་ཀྲིན་གྱིས་ཐོག་མར་ཡུཀ་རེན་ནང་བཙན་འཛུལ་བྱས་པའི་སྐབས། ལས་སླ་པོའི་ཐོག་ནས་བཙན་བཟུང་བྱེད་ཐུབ་ཀྱི་རེད་བསམ་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་ནི་དངོས་ཡོད་གནས་སྟངས་ནས་རྟོགས་ཐུབ་པ་རེད། དེ་འདྲ་ཡིན་དུས་ཞི་ཅིན་ཕིན་ལ་དེ་བརྡ་ལན་གསལ་པོ་ཞིག་རེད་ཅེས་ཐེ་ཝན་ལས་སླ་པོའི་ཐོག་ནས་བཙན་བཟུང་བྱེད་ཐུབ་ཀྱི་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་གྱི་ཉིན་སྲིད་འཛིན་ཚའེ་ཨིང་ཝིན་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་པ་དང་། ད་རེས་འཚམས་གཟིགས་དེ་ནི་ འདི་ཚེས་༥ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Kevin McCarthy)་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་ལགས་དང་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་(California)་ནང་གི་ཨ་རིའི་སྲིད་འཛིན་ཟུར་པ་(Ronald Reagan)་དམ་པའི་དྲན་རྟེན་དཔེ་མཛོད་ཁང་དུ་མཇལ་འཕྲད་གནང་བ་དུས་སྐབས་དང་འཁེལ་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎