ཨ་མི་རི་ཀས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་ཤུགས་གནོན་རྒྱག་རྒྱུ་ཡིན་ཟེར།

2021-05-18
Share
ཨ་མི་རི་ཀས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་ཤུགས་གནོན་རྒྱག་རྒྱུ་ཡིན་ཟེར། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྦིལན་ཀེན་(Blinken)་ལགས། ༥།༡༨།༢༡
AFP

ཨ་མི་རི་ཀས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཤུགས་གནོན་རྒྱག་རྒྱུ་ཡིན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གསུང་བྱུང་།
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་ཁག་གཅིག་གི་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་འདྲི་རྩད་བྱས་སྐབས། འདི་ཚེས་༡༧་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཡིག་ཐོག་བཀའ་ལན་གནང་བྱུང་ལ། དེའི་ནང་ང་ཚོས་མནའ་འབྲེལ་མཐུན་ཕྱོགས་ཁག་དང་མཉམ་ལས་བྱས་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག རིག་གཞུང་བཅས་བ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་སླད་ལས་དོན་སྤེལ་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྐུ་ཚབ་ལྷན་དུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་ནང་ཞུགས་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ལ་ཨ་མི་རི་ཀའི་ངོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་དང་། ཨ་མི་རི་ཀའི་སྐུ་ཚབ་ཚོས་རྒྱ་ནག་གཞུང་དང་མཉམ་དུ་ལྟ་བ་དང་། ཁེ་ཕན། རིན་ཐང་དང་འབྲེལ་བའི་ཐབས་བྱུས་ཀྱི་ཚོགས་འདུ་ཚོགས་ཡོདཔ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྦིལན་ཀེན་(Blinken)་ལགས་ཀྱིས་ཉེ་ལམ་ཨ་ལ་སི་ཀར་(Alaska)་ཚོགས་པའི་ལྷན་ཚོགས་ཐོག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཉམ་དུ་མཐུན་ཕྱོགས་རྒྱལ་ཁབ་ཚོས་སེམས་ཁྲལ་བྱེད་སའི་གནད་དོན་ཁག་གླེང་སློང་གནང་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་དང་། ཧོང་ཀོང་། བོད་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ལ་བློ་འཚབ་ཆེ་བ་ཡང་གསལ་སྟོན་གནང་ཡོད་པ་རེད་ཅེས་བཀོད་འདུག

ད་དུང་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐད་ཐེ་གཏོགས་བྱས་ཏེ། ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་བཙན་ཁྲིད་དང་གར་སོང་ཆ་མེད་བཟོས་རྗེས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་འཛིན་བྱས་པའི་ཡང་སྲིད་གཅིག་བསྐོ་གཞག་བྱས་པ་ནི། ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་པ་ཞིག་རེད་ཅེས་དང་། བོད་མི་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། པཎ་ཆེན་རིན་པོ་ཆེ་དབུས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ངོས་འཛིན་དང་། ཤེས་ཡོན་འབུལ་རྒྱུ། གུས་བཀུར་ཞུ་བའི་ཐོབ་ཐང་བཅས་སྤྲོད་དགོས་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འབོད་སྐུལ་ཞུ་བཞིན་ཡོད། དེ་བས་བོད་མི་ཚོས་ངོས་འཛིན་དད་གུས་ཞུ་སའི་པཎ་ཆེན་རིན་པོ་ཆེ་གར་ཡོད་ཀྱི་གནས་ཚུལ་རྒྱ་ནག་གཞུང་གིས་འཕྲལ་དུ་ཕྱི་བསྒྲགས་བྱ་དགོས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གནང་གི་ཡོད་ཅེས་བཀོད་འདུག

གཞན་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་འབྲེལ་བའི་ཐད། གོ་ལའི་དུས་བབ་ཞེས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ལ་རང་བཙན་རྩོད་གླེང་གིས་རྒྱ་ནག་དང་ཁ་བྲལ་རྩོད་རྒྱུ་ཡིན་པའི་སྐྱོན་བརྗོད་དཔྱད་རྩོམ་སྤེལ་ཡོད་པར། སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་གང་ཡིན་པ་དེར་འགྱུར་བ་མེད་པའི་ལན་འདེབས་བྱས་ཡོད་པ་དང་། ད་ཐེངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཡིག་ཐོག་བཀའ་ལན་གནང་བའི་ནང་། ཨ་རིའི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་གནང་གི་ཡོད་པར་རྒྱབ་སྐྱོར་ཞུ་གི་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐབས་ལམ་ཐོག་རྒྱབ་སྐྱོར་བརྟན་པོ་ཞུ་གི་ཡོད་ཅེས་དང་། ཨ་རིའི་གཞུང་གིས་བློ་མཐུན་ཕྱོགས་ཁག་དང་མནའ་འབྲེལ་ཚོ་དང་མཉམ་ལས་བྱས་ནས་རྒྱ་ནག་གི་དཔོན་རིགས་ཚོས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཡང་ན་ཁོང་གི་བོད་མིའི་སྐུ་ཚབ་མཉམ་དུ་བོད་རྒྱའི་དཀའ་ངལ་སེལ་སླད་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་ཤུགས་གནོན་རྒྱག་རྒྱུ་ཡིན་ཞེས་བཀོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།