ཨ་མེ་རི་ཀས་བོད་དང་ཤར་ཏུར་ཀིསི་ཐན།ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཨན་ཐོ་ནི་སྦིལིང་ཀེན་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཛིན་ཡང་ཇིཡེ་ཅི་རྣམ་གཉིས་དེ་རིང་ཕྱི་ཚེས་ ༦ ཉིན་བཀའ་མོལ་གནང་ཞིང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ལོ་གསར་ཤར་ལ་ཉེ་བའི་སྐབས་དང་བསྟུན་འཚམས་འདྲི་གནང་ཡོད་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ནེཌ་ པརཱཡིསི་ Ned Price མཚན་ཐོག་ནས་སྤེལ་བའི་བའི་གསར་འགོད་བསྒྲགས་གཏམ་ནང་བཀོད་འདུག བསྒྲགས་གཏམ་དེའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཨན་ཐོ་ནི་ སྦིལིང་ཀེན་ Anthoy Blinken ལགས་ཀྱིས་ ཡང་ཇིཡེ་ཅི་ལ། ཨ་རིའི་ངོས་ནས་ཤིན་ཅང་དང་བོད། ཧོང་ཀོང་སོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་གི་གནད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་པ་བཀོད་འདུག་ལ། དེ་བཞིན་མེས་ཡ་མར་གྱི་དཔུང་དམག་གིས་སྲིད་དབང་བཙན་འཕྲོག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་བྱེད་བཞིན་པ་ལྟར་རྒྱ་ནག་གིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དོན་དེའི་ནང་ཞུགས་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག
ཡང་ཨ་རིའི་མནའ་འབྲེལ་དང་མཐུན་ཕྱོགས་ཡུལ་གྲུ་ཁག་གི་ཐོུང་གི་རིན་ཐང་དང་ཁེ་ཕན་སྲུང་སྐྱོབ་ཀྱི་ཆེད་དང་། དེ་བཞིན་རྒྱ་ནག་གིས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ། ཐེ་ཝན་མཚོ་སྒག་སོགས་ཀྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་བ། དེ་བཞིན་ཁྲིམས་ཀྱི་སྐྱོང་བའི་རྒྱལ་སྤྱིའི་འགྲོ་ལུགས་ལ་ཉམས་ཉེས་གཏོང་བའི་བྱ་སྤྱོད་སྤེལ་བཞིན་པར་ཨ་རིའི་ངོས་ནས་མཐུན་ཕྱོགས་དང་མནའ་འབྲེལ་ཡུལ་གྲུ་ཚོ་དང་མཉམ་ལས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འགན་དཀྲི་བཀལ་བ་དང་གདོང་ལེན་བྱེད་རྒྱུ་ཡིན་པ་བསྐྱར་ནན་གསུང་གནང་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་ཡང་ཡིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Blinken ལ་ཨ་མི་རིཀས་ཉེ་ཆར་བཟོས་པའི་ནོར་འཁྲུལ་ཁག་ལ་དག་བཅོས་བྱེད་དགོས་པ་དང་། ཕྱོགས་གཉིས་ཀའི་ངོས་ནས་ཕན་ཚུན་གཉིས་ཀའི་ཆབ་སྲིད་ལམ་ལུགས་དང་ཡར་རྒྱས་ཀྱི་ལམ་བུར་གུས་བརྩི་བྱེད་དགོས་ཀྱི་རེད་ཅེས་བརྗོད་འདུག
དེ་བཞིན་Yang Jiechi ཡིས་ བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་དྲ་ཐོག་ཚོགས་འདུ་ཞིག་ཐོག་ཨ་མི་རི་ཀ་དང་། རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དག་སྔོན་རྟོག་ཐུབ་པ་དང་ཕན་ཐོག་ཡོད་པ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ལུགས་བརྗོད་ཡོད་ནའང་ཨ་རིའི་གཞུང་གིས་བོད་དང་། ཤར་ཏུ་ཀི་སི་ཏན་དང་། ཧོང་ཀོང་སོགས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།།