ཨ་རིས་རྒྱ་ནག་གི་ཁེ་ལས་ཁང་ཉེར་བརྒྱད་མིང་ཐོ་ནག་པོའི་ནང་བཅུག་འདུག

2019-10-08
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཚོང་འབྲེལ་དྲུང་ཆེ་(Wilbur ross)་ལགས། ༢༠༡༩།༩།༡༠
ཨ་རིའི་ཚོང་འབྲེལ་དྲུང་ཆེ་(Wilbur ross)་ལགས། ༢༠༡༩།༩།༡༠
AFP

ཨ་རིས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ཉེར་བརྒྱད་མི་དམངས་ལ་དྲག་གནོན་བྱེད་བཞིན་པའི་ཉེས་འཛུགས་ཀྱིས་མིང་ཐོ་ནག་པོའི་ནང་བཅུག་ཡོད་པ་ཨ་རིའི་ཚོང་དོན་ལྷན་ཁང་གིས་ཕྱིར་བསྒྲགས་བྱས་འདུག
ཨ་རིས་རྒྱ་ནག་གི་ཁེ་ལས་ཁང་ཁག་༢༨  ལ་ཤིན་ཅང་ངམ་ཤར་ཏིར་ཀི་སི་ཐན་ནང་ཡུ་གུར་ཁ་ཆེའི་མི་དམངས་ལ་དྲག་གནོན་བྱེད་བཞིན་པའི་ཉེས་འཛུགས་ཀྱིས་མིང་ཐོ་ནག་པོའི་ནང་བཅུག་ཡོད་པ་ཨ་རིའི་ཚོང་དོན་ལྷན་ཁང་གིས་ཕྱིར་བསྒྲགས་བྱས་འདུག
ཨ་རིའི་ཚོང་འབྲེལ་དྲུང་ཆེ་(Wilbur ross)་གྱིས།  རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་ཅིག་དངོས་ཟོག་ཉོ་མི་ཆོག་པ་ཨ་རིའི་གཞུང་གིས་བཀག་སྡོམ་བྱས་བའི་མིང་གཞུང་བཏོན་པ་དང་བསྒྲགས། རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ལ་ཨ་རིས་བཟོད་སྒོམ་བྱེད་ཐུབ་ཀྱི་མེད་ལ། བྱ་རྒྱུ་ཡང་མིན་ཞེས་བརྗོད་འདུག
གོང་ཞུས་ཨ་རིས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ཁག་མིང་ཐོ་ནག་པོའི་ནང་བཅུག་པའི་ཁོངས་སུ། རྒྱ་ནག་གི་ཁེ་གཉེར་ལས་ཁུངས་དཔེར་ན། བརྙན་པར་དོགས་སྲུང་ཁེ་གཉེར་ལས་ཁུངས་(Hikvision)་དང་། ཤེས་ནུས་ལག་རྩལ་འཕྲུལ་ཆས་༼མིས་བཟོས་རིག་རྩལ་ཁེ་གཉེར་ལས་ཁུངས། (Megvii)འཕྲུལ་རིག་ཁང་། (SenseTimes)་ཞེས་པ་ལ་སོགས་དང་། ཤིན་ཅང་གི་ཉེན་རྟོག་ལས་ཁང་༡༨་དང་ཉེན་རྟོག་པའི་མཐོ་སློབ་གཅིག གཞན་ཡང་ཚོང་གཉེར་ཁང་བརྒྱད་བཅས་ཚུད་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang)་ཡིས་གཟའ་མིག་དམར་ཉིན་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལམ་ལུགས་ལ་ཚབས་ཆེན་བརྩིས་མེད་བཏང་བ་ཞིག་དང་། རྒྱ་ནག་ནང་ལོག་གི་གནད་དོན་ལ་ཐེ་ཇུས་བྱས་ནས་རྒྱ་ནག་གི་ཁེ་ཕན་ལ་གྱོང་གུད་གཏོང་བཞིན་ཡོད་སྟབས། རྒྱ་ནག་གི་ཕྱོགས་ནས་དེ་ལ་མཐའ་གཅིག་དུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
ཨ་རིས་རྒྱ་ནག་གི་ཁེ་གཉེར་ལས་ཁུངས་དེ་དག་བཀག་སྡོམ་བྱ་རྒྱུ་ཡིན་པའི་གནས་ཚུལ་དེ་ནི། ཨ་རི་དང་རྒྱ་ནག་བར་དམིགས་བསལ་ཚོང་གི་སྲིད་བྱུས་ཐད་དང་། དེ་བཞིན་རྒྱ་ནག་གིས་ནུབ་ཕྱོགས་ཤིན་ཅང་ས་ཁུལ་ནང་གི་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཐད་ནས་ཕྱོགས་གཉིས་བར་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་དང་བསྟུན་ཐོན་ཡོད་པ་རེད།
འཛམ་གླིང་གི་དཔལ་འབྱོར་སྟོབས་ཅན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གཉིས་ཀྱི་ཚོང་འབྲེལ་ནང་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་དུ་མ་སྤར་རེས་བྱས་ནས་ཚོང་གི་དམག་འཁྲུག་འགྲོ་བཞིན་པའི་གནས་སྟངས་ཡིན་ན་ཡང་། གཟའ་ཟླ་བ་ཉིན། ཨ་རིའི་ཕོ་བྲང་དཀར་པོས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གྲོས་མོལ་གཟའ་ཕུར་པའི་ཉིན་གནང་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།
ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཤིན་ཅང་ནང་ཡུ་གུར་མི་རིགས་ཐད་ལ་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ལ་ཨ་རིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གིས་ཤིན་ཅང་ས་ཁུལ་ནང་གི་ཡུ་གུར་ཁ་ཆེ་མི་དམངས་ས་ཡ་གཅིག་ལྷག་སློབ་གསོ་བཅོས་བསྒྱུར་རྭ་བའི་ནང་བཅུག་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གིས་བརྗོད་ཀྱི་ཡོད་ཅིང་། རྒྱ་ནག་གི་བྱ་སྤྱོད་དེ་ནི་(Germany Nazi)་ཤོག་ཁག་གི་མི་རིགས་རྩ་མེད་བྱེད་སྟངས་དང་འདྲ་བོ་ཡོད་པ་ཨ་རིས་སྐྱོན་བརྗོད་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།